འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེད་མ་དང་འདྲ་བའི་རྒན་དངོས་གྲུབ་ལྷ་མོ་ལགས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ལོ་13རིང་ཁོང་གིས་རྟག་ཏུ་ཞོགས་པ་ཆུ་ཚོད་བརྒྱད་པར་སློབ་གྲྭར་བསྐྱོད་པ་དང་དགོང་མོ་ཆུ་ཚོད་བཅུ་པར་ཁྱིམ་དུ་ལོག་ཅིང་། ཕྲུ་གུ་སྐྱེ་སྐབས་དགོངས་པ་ཐེངས་གཅིག་ཞུ་མྱོང་བ་ཕུད། རྒྱུན་དུ་སློབ་མ་ཚོ་དང་ཁ་མི་འབྲལ་བར་སྡོད་ཀྱི་ཡོད། སྐབས་འགར་མི་གཅིག་གིས་སློབ་མ་300ཙམ་ལ་སློབ་ཚན་འཁྲིད་མཁན་ཁོང་ནི་ལྷ་ས་སློབ་འབྲིང་གི་ལོ་རྒྱུས་དགེ་རྒན་དངོས་གྲུབ་ལྷ་མོ་ཡིན།
         རྒན་དངོས་གྲུབ་ལྷ་མོ་ལགས་ཀྱིས་རང་ཉིད་ཀྱི་ལས་གནས་ལ་དགའ་ཞེན་བྱེད་པ་མ་ཟད། དེ་བྱ་གཞག་ཅིག་ཏུ་བརྩི་གི་ཡོད། “ཕ་མ་ཚོས་ཕྲུ་གུ་ཚོ་ངའི་ལག་ཏུ་སྤྲད་པ་དེ་ནི་ང་ལ་ཡིད་ཆེས་ཆེན་པོ་བྱས་པ་ཞིག་ཡིན་པས། ངས་ངེས་པར་དུ་ཡིད་ཆེས་དེ་ཆུད་ཟོས་སུ་གཏོང་མི་སྲིད”ཅེས་ཁོང་གིས་རྒྱུན་དུ་དེ་ལྟར་གསུངས་ཀྱི་ཡོད།
         2009ལོའི་ཟླ་6ཚེས་23ཉིན་རྒན་དངོས་གྲུབ་ལྷ་མོ་ལགས་སྙུང་ནས་གཤགས་བཅོས་བྱེད་དགོས་བྱུང་། གཤགས་བཅོས་བྱས་ནས་ཉིན་གཉིས་ལས་ཕྱིན་མེད་ཀྱང་། ཨེམ་རྗེའི་ཁ་ཏར་མི་ཉན་པར་རྨ་རས་དཀྲིས་དཀྲིས་པར་སློབ་གྲྭར་ལོག ཁོང་གིས“ཚེས་28ཉིན་ནི་བོད་ཀྱི་མཐོ་རྒྱུགས་སྦྱངས་འབྲས་ཁྱབ་བསྒྲགས་བྱེད་པའི་ཉིན་མོ་རེད། ང་ནི་ཕྲུ་གུ་ཚོས་ཡིད་ཆེས་བྱེད་སའི་དགེ་རྒན་ཡིན་ཙང་། སློབ་ཕྲུག་ཚོ་རེའུ་མིག་འབྲི་བའི་སྐབས་སུ་ང་འཁྲིས་སུ་མེད་ན་འགྲིག་ཐབས་མེད”ཅེས་བརྗོད་བྱུང་།
         ཚེ་བརྟན་ཕུན་ཚོགས་ནི་རྒན་དངོས་གྲུབ་ལྷ་མོ་ལགས་སློབ་ཆེན་ཐོན་རྗེས་དགེ་རྒན་བྱེད་ཐེངས་དང་པོར་འཁྲིད་མྱོང་བའི་སློབ་མ་ཡིན། སློབ་མ་དེས་རྒྱུན་དུ་ཐ་མག་འཐེན་པ་དང་སློབ་གྲྭ་དང་དགེ་རྒན་ལ་མི་དགའ་བའི་རྣམ་འགྱུར་བསྟན་གྱི་ཡོད། རྒན་དངོས་གྲུབ་ལྷ་མོ་ལགས་ཀྱིས་ཕུན་ཚོགས་འཛིན་གྲྭའི་བྱེད་སྒོ་ཁག་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་པའི་ཐོག་འཛིན་གྲྭའི་འགྲན་བསྡུར་གྱི་ཏུའེ་ཀྲང་ལ་བསྐོས་པས། ཁོ་པའི་གཤིས་ཀར་རིམ་གྱིས་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ། ཕྱིས་སུ་སློབ་ཆེན་ལ་རྒྱུགས་འཕྲོད་ཅིང་། ད་ཆ་ཁྲལ་དོན་ལས་བྱེད་པ་ཞིག་ཡིན།
         སློབ་མ་དེ་བས་མང་པོར་རོགས་པ་བྱས་ཏེ་ཁོང་ཚོ་དེ་བས་སྤྲོ་སྣང་དང་བདེ་སྐྱིད་ལྡན་པ་དང་ཡར་རྒྱས་འགྲོ་བ་བྱ་རྒྱུ་དེ་ནི་རྒྱུན་དུ་རང་ཉིད་ལ་འདོན་པའི་བླང་བྱ་ཞིག་ཡིན། “རོགས་རམ་ཐོབ་པའི་ཕྲུ་གྲུ་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་མཐོང་སྐབས། རང་ཉིད་ཁོང་ཚོ་ལས་ཀྱང་སྐྱིད་པའི་སྣང་བ་ཞིག་འཆར་གྱི་འདུག”ཅེས་བརྗོད་བྱུང་།
         འདི་ལོ་ཁོང་གིས་སློབ་ཚན་འཁྲིད་སའི་སློབ་ཐོན་འཛིན་གྲྭར་སློབ་མ་69ཡོད་པའི་ནང་སློབ་གྲྭར་སྡོད་མཁན་ཁྲོད་ནས་སློབ་མ་མི་ཉུང་བ་ཞིག་ནི་གཞིས་རྩེ་དང་ནག་ཆུ་སོགས་ཀྱི་ཕྲུ་གུ་ཡིན། ཕ་ཡུལ་དང་བྲལ་བའི་ཕྲུ་གུ་དེ་དག་གིས་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་ཆེད། རྒན་དངོས་གྲུབ་ལྷ་མོ་ལགས་ཀྱིས་གཟའ་མཇུག་གི་ངལ་གསོའི་དུས་ཚོད་སྤྱད་དེ་ཞག་སྡོད་སློབ་མ་ཚོ་དང་མཉམ་དུ་ཁ་ལག་ཟ་བ་དང་འཚོ་བ་དང་ཕུགས་བསམ་གླེང་ནས་སྡོད་ཀྱི་ཡོད། སློབ་མ་ཁ་ཤས་ཀྱི་ཟིན་ཐོའི་དེབ་ཀྱི་ཐོག་ཉལ་ཁང་ནི་ཁྱིམ་ཚང་དང་རྒན་དངོས་གྲུབ་ལྷ་མོ་ལགས་ནི་ང་ཚོའི་ཨ་མ་ལགས་ཡིན་ཞེས་བྲིས་ཡོད།
         2006ལོར་སློབ་གྲྭས་རྒན་དངོས་གྲུབ་ལྷ་མོ་ལགས་ལ་སློབ་མར་རོགས་རམ་བྱ་རྒྱུའི་འགན་འཁུར་དུ་བཅུག་སྟེ་སེམས་བཟང་མི་སྣས་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་པའི་ཐད་འབྲེལ་ཟམ་བཙུགས། བྲེལ་བ་ཆེ་རུ་ཕྱིན་ཡང་། ཁོང་གིས་སྤྲོ་བ་ཆེན་པོས་ལས་དེ་གང་ཡག་བསྒྲུབས། གསར་འགོད་པས་བཅར་འདྲི་བྱེད་སྐབས། དེ་སྔ་རྒན་དངོས་གྲུབ་ལྷ་མོ་ལགས་ཀྱིས་རོགས་རམ་བྱེད་མྱོང་བའི་གཞིས་རྩེའི་སློབ་མ་ཞིག་གིས་བསྐུར་བའི་སྐད་འཕྲིན་ཏེ་རང་ཉིད་སློབ་ཆེན་ཐོན་ནས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རྩིས་ཡོད་པ་དང་རྒན་ལགས་ཀྱིས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་པའི་སྐོར་མཐོང་སྐབས་ཁོང་གིས་དགའ་ཚོར་དང་བཅས“ཁོང་ཚོའི་ལས་དབང་ལ་འགྱུར་ལྡོག་འགྲོ་བ་མཐོང་སྐབས། ངའི་སྤྲོ་སྣང་གང་རུང་ལས་ཀྱང་ལྷག”ཅེས་བརྗོད་བྱུང་།
         རྒན་དངོས་གྲུབ་ལྷ་མོ་ལགས་ཀྱིས་རྒྱུན་དུ“ཀུན་སྤྱོད་ཨང་དང་པོ་དང་སྦྱངས་འབྲས་ཨང་གཉིས་པར”འཇོག་པའི་སློབ་གསོའི་བྱེད་ཐབས་མཐའ་འཁྱོངས་གནང་གི་ཡོད། སློབ་གསེང་དུ་ཁོང་གིས་རྒྱུན་དུ་སློབ་མ་ཚོ་འཁྲིད་དེ་རྒན་གསོ་ཁང་དུ་བསྐྱོད་ནས་སློབ་མ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་རོགས་པ་བྱེད་དགོས་པའི་སློབ་གསོ་བསྐྱོན་གྱི་ཡོད།
         “ངས་ལེ་ཧྥུང་གི་སྙིང་སྟོབས་ལག་ལེན་ཐོག་འཁྱོལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་དགེ་སློབ་ཚོས་ནུས་པས་ལྕོགས་ཚོད་ཀྱི་ཐོག་ནས་བྱ་བ་ཆུང་ཙག་ནས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་སྐབས། དྲང་ནུས་དར་སྤེལ་གཏོང་བའི་ས་བོན་སློབ་མ་ཚོའི་སེམས་སུ་ཟུག་སྟེ་སྤྱི་ཚོགས་ཇེ་ལེགས་ཇེ་ཡག་ཏུ་འགྲོ་སྲིད”ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།