འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལོ་འདིའི་ནང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གསར་འགྱུར་ལྟེ་གནས་ཀྱིས་ཚེས་10ཉིན་གསར་འགོད་པའི་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནང་ཁུལ་ལས་དོན་ཁྲིམས་འཛིན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝང་ཧྲེང་མིང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝུའུ་རི་ཐུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་ཀྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཡོན་སི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེང་ཧྲུའུ་ན་བཅས་ཀྱིས“མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན”སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་འཕེལ་རིམ་ཐད་ཀྱི་དྲི་བར་ཝང་ཧྲེང་མིང་གིས་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་དེ་ཁག་བགོས་ལག་བསྟར་བྱས་ནས་ལོ་འདིའི་ནང་སྔོན་དུ་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
         ཝང་ཧྲེང་མིང་གིས་དམངས་དོན་སྐོར་གྱི་ཁྲིམས་གཞུང་ནི་སྤྱི་དམངས་ཀྱི་རྒྱུན་གཏན་འཚོ་བ་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་རྩ་བའི་ཚད་གཞི་ཞིག་ཡིན་པ་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། མིག་སྔར་ལས་དོན་དེ་གཙོ་བོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་དུས་ཚོད་དམ་འཛིན་ངང་དོན་འཁྱོལ་བྱེད་ཀྱི་ཡོད་པ་དང་ཞིབ་ཕྲའི་ལམ་རིས་དེ་འདི་ལོ་གོ་རིམ་ལྟར་རྒྱུན་ལས་ཨུ་ལྷན་ལ་ཕུལ་ནས་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་ཞིབ་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་གྲོས་འཆམ་བྱུང་རྗེས་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་གི་ལས་དོན་གཞན་ལ་སྔར་བས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         “དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་དེ་རང་རྒྱལ་དུ་ཐེངས་མང་བསྒྲུབས་ཡོད་ཀྱང་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དམངས་དོན་བཅའ་ཁྲིམས་ཀྱི་ལམ་ལུགས་རིམ་པས་འཐུས་ཚང་བྱུང་ཡོད”ཅེས་ཝང་ཧྲེང་མིང་གིས་བརྗོད་པ་རེད།
         ཝང་ཧྲེང་མིང་གིས་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་ཐེངས་གཅིག་ལ་དམིགས་སར་དོན་འཁྱོལ་བྱུང་མེད་པས་གཙོ་བོ་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་དེ་འབྲེལ་རྒྱ་ཆེ་བ་དང་ལས་དོན་འབོར་ཆེ་བར་བསམ་གཞིག་བྱས་ཡོད། 2002ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་དོན་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་ཐོག་མར་གྲོས་ཞིབ་བྱེད་དུས་སྐབས་དེར་འཆར་ཟིན་གྱི་དོན་ཚན་ཁག་1200ལྷག་ཙམ་ཡོད་པ་ནི་མིག་སྔར་དོན་ཚན་མང་ཤོས་ཡིན་པའི་བཅའ་ཁྲིམས་ཀྱི་ལྡབ་གསུམ་ཡན་ཡིན། དེར་བརྟེན་དམངས་དོན་སྐོར་གྱི་ཁྲིམས་གཞུང་གི་འབོར་ཚད་ཆེ་བ་དང་ནང་དོན་རྙོག་འཛིང་ཆེ་བས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱེད་པར་ཡང་དུས་ཚོད་སྔར་བས་མང་བ་འགོར་རྒྱུ་རེད་ཅེས་འགྲེལ་བཤད་བསྐྱོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།