འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་འཐུས་མི་ལེང་མིང་ཡོན་གྱིས་ཁྲིམས་བཟོས་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་
    རིག་གནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལེང་མིང་ཡོན་གྱིས“གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་པ་དེས་རིག་གནས་སྣ་མང་ཅན་སྲུང་སྐྱོང་བྱ་རྒྱུར་དེ་བས་ཕན་ཐོགས་ཡོད”ཅེས་གསུངས་པ་རེད།
         ལེང་མིང་ཡོན་གྱིས་རིག་གནས་སྲུང་སྐྱོང་བྱེད་པར་སྔོན་ལ་ཁྲིམས་འཛུགས་དགོས། མིག་སྔར་ཆེད་མངགས་ཁྲིམས་བཟོས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པའི་ལས་དོན་འཛམ་གླིང་ཡོངས་སུ་མགྱོགས་མྱུར་སྤེལ་བཞིན་ཡོད། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཁྲིམས་འཛུགས་སྲུང་སྐྱོང་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དམིགས་སུ་ཁྲིམས་བཟོས་ནས་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཀན་སུའུ་ཞིང་ཆེན་གྱིས་2006ལོའི་ཟླ་6པར་《རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་པའི་ནང་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བཅའ་ཁྲིམས་བཟོ་རྒྱུར་ཤུགས་སྣོན་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་བླང་བྱ་བཏོན་པ་དང་། ན་ནིང་ཟླ་3པར་《ཀན་སུའུ་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲོལ་ཡིག་》བཏོན་པའི་ནང་གྲངས་ཉུང་མི་རིགས་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་ཐད་སྲིད་འཛིན་སྲུང་སྐྱོང་གཏན་འབེབས་བྱས་ཡོད་ཅེས་གསུངས་པ་རེད།
         འཐུས་མི་ལེང་མིང་ཡོན་གྱིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཆེད་སྤྱོད་དབང་ཆའི་ལམ་ལུགས་འཛུགས་དགོས་པ་དང་། ཆེད་སྤྱོད་དབང་ཆའི་ནང་གྲངས་ཉུང་མི་རིགས་ལ་རང་ཉིད་ཀྱི་སྲོལ་རྒྱུན་ཤེས་བྱའི་བདག་དབང་དང་། སྤྱོད་དབང་། ནང་བཤུག་བྱེད་དབང་། མོས་མཐུན་བྱེད་དབང་། ཁེ་ཕན་ཐོབ་དབང་བཅས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ཤེས་བྱ་ཐོ་འགོད་དང་བརྒྱུད་སྤེལ་ལམ་ལུགས་བཟོ་བ་དང་སྲོལ་རྒྱུན་ཤེས་བྱའི་གྲངས་གཞིའི་མཛོད་བཙུགས་ཏེ་སྲོལ་རྒྱུན་ཤེས་བྱ་མཁོ་འདོན་བྱེད་མཁན་ཡིན་པའི་གྲངས་ཉུང་མི་རིགས་རྣམས་འདྲ་མཉམ་ལུགས་མཐུན་ངང་ཁེ་ཕན་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།