འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཀྲང་བཅུས་བཅར་འདྲི་དང་ལེན་གནང་བས“པུའུ་ཀྲང་འབྲེལ་ལམ”འཁྲུག་ཆ་
    དོད་པོར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་གྱི་ཕྱི་དྲོའི“པུའུ་ཀྲང་འབྲེལ་ལམ”ཐོག་གི་སྐུ་མགྲོན་དང་པོ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་དབྱི་ཝེ་མིན་སླེབས་མ་ཐག་ས་གནས་ས་ཐོག་གི་གསར་འགོད་པ་བརྒྱ་ལྷག་ཙམ་གྱིས“པུའུ་ཀྲང་ལགས། དྲ་ཐོག་ཏུ་བརྒྱུད་གཏོང་བྱེད་པའི་ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་ཆ་འཕྲིན་དེ་བདེན་པ་ཡིན་ནམ”ཞེས་པ་སོགས་དྲི་བ་མང་དག་ཅིག་བཏོན།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་ཚེས་9ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15ཡི་ཐོག་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་འདུ་མ་འཚོགས་པའི་ཆུ་ཚོད་གཉིས་གོང་ནས་གསར་འགོད་པ་མང་པོ་ཞིག་གིས་ཚོགས་ཁང་གི་བྱང་ངོས་ཚོམས་ཆེན་གྱི“པུའུ་ཀྲང་འབྲེལ་ལམ”དུ་པུའུ་ཨུད་ཀྱི་འགན་འཁུར་བ་སྒུག་ནས་བསྡད་ཡོད། ལས་དོན་མི་སྣས“ཚང་མས་བདེ་འཇགས་ལ་ཡིད་གཟབ་བྱེད་རོགས། འཚང་ཁ་མ་རྒྱག ཐིག་དམར་པོའི་རྒྱབ་ཏུ་ལངས་རོགས། དེ་རིང་འདིར་ཕེབས་མཁན་པུའུ་ཀྲང་མང་པོ་ཡོད་པས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཐད་ལན་འདེབས་ངེས་རེད”ཅེས་དྲན་སྐུལ་ཡང་ཡང་བྱས།
         “པུའུ་ཀྲང་འབྲེལ་ལམ”ལས་དེར་སྒུག་པའི་གསར་འགོད་པ་རྣམས་བློ་ཕམ་སྐྱེ་རུ་བཅུག་མེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། དམངས་སྲིད་པུའུ་སོགས་པུའུ་ཨུད་10ཡི་འགན་འཁུར་བ་གཙོ་བོས་རང་འགུལ་ངང་སྐད་དུང་མདུན་དུ་ཕེབས་ཏེ་གསར་འགོད་པ་དང་སྤེལ་རེས་གནང་། ཚོགས་འདུ་མ་འཚོགས་གོང་འགན་འཁུར་བ་7གྱིས་དྲི་བར་ལན་བཏབ་གནང་བ་དང་ཚོགས་འདུ་གྲོལ་རྗེས་འགན་འཁུར་བ་3གྱིས“པུའུ་ཀྲང་འབྲེལ་ལམ”དུ་ཕེབས་ནས་མིག་སྔར་གླེང་མང་བའི་གནད་དོན་ཐད་ལན་བཏབ་གནང་། ཤིན་ཅིང་ཚགས་པར་གྱི་གསར་འགོད་པ་ཧོང་དབྱིས་ཀྱིས“ཉིན་གཅིག་ནང་འགན་འཁུར་བ་10ལ་བཅར་འདྲི་ཞུ་ཐུབ་པ་དེ་ནི་ངས་ཉིན་གཅིག་ནང་བཅར་འདྲི་ཞུ་མང་ཤོས་ཡིན”ཞེས་བཤད།
         ས་གནས་ས་ཐོག་གི་ལས་དོན་མི་སྣས་པུའུ་ཨུད་ཁག་གི་འགན་འཁུར་བ་ཚང་མས“པུའུ་ཀྲང་འབྲེལ་ལམ”ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་དེ་གར་སྤྱི་ཚོགས་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་ལན་སློག་གི་ཡོད། “འགན་འཁུར་བ་མང་དག་ཅིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་འདོད་བྱེད་ཀྱི་ཡོད། ཚོགས་འདུ་མ་འཚོགས་གོང་ནས་བང་སྒྲིག་དགོས་པ་དང་བང་ནང་མ་ཚུད་ན་ཚོགས་འདུ་གྲོལ་རྗེས་བཅར་འདྲི་དང་ལེན་བྱེད་ཀྱི་རེད”ཅེས་བཤད།
         དམངས་སྲིད་པུའི་པུའུ་ཀྲང་ལི་ལི་གོ་ནི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་མཁན་མཇུག་ཤོས་དེ་ཡིན། སྐྲ་ལོ་དུང་ལྟར་དཀར་བའི་པུའུ་ཀྲང་ལི་ལི་གོས་ཚོགས་འདུ་གྲོལ་རྗེས“པུའུ་ཀྲང་འབྲེལ་ལམ”དུ་བང་སྐར་མ་ཉི་ཤུ་ལྷག་ཙམ་བསྒྲིགས་རྗེས་གཞི་ནས་གསར་འགོད་པ་དང་ཐུག་འཕྲད་བྱུང་ཡོད། ཁོང་གིས་སྐར་མ་ཉི་ཤུ་ལྷག་ཙམ་རིང་གསར་འགོད་པའི་དྲི་བར་ནན་ཏན་ངང་ལན་བཏབ་གནང་བ་རེད།
         “པུའུ་ཀྲང་འབྲེལ་ལམ”སྒྲིག་འཛུགས་བྱེད་མཁན་གྱིས་གསར་འགོད་པར་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་གཏོང་གི་ཡོད། ལས་དོན་མི་སྣས་ཚོགས་འདུའི་བར་གསེང་སྤྱད་དེ་གསར་འགོད་པར“ཚང་མ་བློ་བདེ་པོ་གནང་རོགས། ང་ཚོས་ཚེས་13དང་16ཉིན་པུའུ་ཀྲང་དེ་བས་མང་བ་བཀོད་སྒྲིག་བྱེད་ངེས་ཡིན”ཞེས“པུའུ་ཀྲང་འབྲེལ་ལམ”མུ་མཐུད་སྒོ་དབྱེ་བྱེད་ཚུལ་ངོ་སྤྲོད་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།