འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ཡ་ཏ་ཡིས་སྲིད་གཞུང་གིས་དུས་བཀག་
    ནང་རང་རྒྱལ་གྱི་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་ཁུལ་གྱི་ཆུ་སྤུས་གནས་ཚུལ་
    ཡོངས་བསྒྲགས་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཆུའི་ཐོན་ཁུངས་སྦགས་བཙོག་གིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་གནོད་འཚེ་དང་ཤུགས་རྐྱེན་ངན་པ་བཟོ་གི་ཡོད་པས་མཁའ་རླུང་གི་སྦགས་བཙོག་ལས་ཤུགས་རྐྱེན་ཧ་ཅང་ཆེ་བ་དང་ཟབ་པ་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨན་ཧུའེ་བཟོ་ལས་སློབ་ཆེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱང་ཡ་ཏ་ཡིས་སྲིད་གཞུང་གིས་དུས་བཀག་ནང་རང་རྒྱལ་གྱི་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་ཁུལ་གྱི་ཆུ་སྤུས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པའི་གྲོས་གཞི་བཏོན་གནང་བ་རེད།
         དབྱང་ཡ་ཏ་ཡིས་མིག་སྔའི་རང་རྒྱལ་གྱི་ཆུའི་ཁོར་ཡུག་གི་གནས་བབ་ཡག་པོ་མེད་པ་དང་། ཆུ་སྦགས་བཙོག་ཏུ་གྱུར་པ། ཆུའི་ཐོན་ཁུངས་དཀོན་པ། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སོགས་ཕྱོགས་མང་པོའི་ཐད་ཀྱི་གནོན་ཤུགས་འཕྲད་ཡོད། ཆུ་རྒྱུད་ཆེན་པོ་བདུན་གྱི་ནང་ཚད་གཞི་IIIརིགས་ལས་དམའ་བའི་ཆུས་བཟུང་བའི་བསྡུར་ཚད་དེ་ཕྱེད་ཀ་ལས་བརྒལ་ཡོད། ཆུ་བོར་སྦགས་བཙོག་བཟོ་བའི་དངོས་པོ་མཆེད་མགྱོགས་པ་དང་གནོད་འཚེ་ཆེ་བས་སྦགས་བཙོག་དངོས་པོས་འཐུང་ཆུ་བརྒྱུད་མིའི་ལུས་པོར་ཐད་ཀར་གནོད་ཚེ་བཟོ་གི་ཡོད་ལ་བཟའ་བཅའ་དང་ཞིང་ཆུ་འདྲེན་པ་བརྒྱུད་མིའི་གཟུགས་པོའི་བདེ་ཐང་ལ་ཡང་གནོད་འཚེ་བཟོ་གི་ཡོད་ཅེས་གསུངས།
         “ལོ་ལྔ་ཚན་དགུ་པའི”ཚུན་དུ་རྒྱལ་ཁབ་ཀྱིས་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་ཆུའི་སྦགས་བཙོག་སྔོན་འགོག་ལས་དོན་གཞི་ཁྱོན་ཆེན་པོས་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོན་ནས་ཆུ་བོ་དུམ་བུ་ཁག་གཅིག་གི་ཆུ་སྤུས་ཀྱི་གནས་ཚུལ་ལ་ཡང་ལེགས་བཅོས་བྱུང་ཡོད་མོད། འོན་ཀྱང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་རང་རྒྱལ་གྱི་ཆུའི་ཁོར་ཡུག་གི་གནད་དོན་རྙོག་འཛིང་ཆེ་བའི་དབང་གིས་ད་ཡོད་ཀྱི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་འོག་ཆུའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་བརྒྱུད་རིམ་རིང་པོ་རྒྱུད་དགོས་ཀྱི་ཡོད་པ་དང་། ལྷག་པར་དུ་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་ཆུའི་སྦགས་བཙོག་སྔོན་འགོག་ལས་དོན་སྤེལ་ཚུལ་ཅུང་འགོར་ཙམ་ཡོད་པར་བརྟེན་ཁོང་གིས་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་ཁུལ་ལ་དམིགས་ནས་རྒྱལ་ཡོངས་ཀྱིས་གཅིག་གྱུར་བྱས་པའི་ཆུ་སྤུས་གནས་ཚུལ་དུས་བཀག་ཐོག་ལྟ་ཞིབ་ཚད་ལེན་དང་ཡོངས་བསྒྲགས་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཙང་ཆུ་རྒྱུག་ཁུལ་ཁག་གི་ཡན་ལག་ཆུ་བོའི་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན་གནང་བ་རེད།
         “མིག་སྔར་གཙང་ཆུ་རྒྱུག་ཁུལ་གྱི་ས་ཆ་ཁག་ལ་ཆུ་སྤུས་གནས་ཚུལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་དམིགས་ཚད་མ་ལག་རྙོག་འཛིང་ཆེ་ཞིང་རིགས་མང་པོ་ཡོད་པ་མ་ཟད། ད་དུང་རྒྱལ་ཡོངས་སུ་གཅིག་གྱུར་བྱུང་མེད་པས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཆུ་སྤུས་ཀྱི་གནས་ཚུལ་ངོ་མ་ཐད་ཀར་ཤེས་རྟོགས་ཐུབ་མེད་པའི་དབང་གིས་མི་སེར་གྱི་གནས་ཚུལ་ངོ་མ་ཤེས་དབང་ལ་ཤུགས་རྐྱེན་བཟོས་ཡོད”ཁོང་གིས་གཙང་ཆུ་རྒྱུག་ཁུལ་གཙོ་བོར་དམིགས་ཏེ་རྒྱལ་ཡོངས་ཀྱིས་གཅིག་གྱུར་བྱས་པའི་ཆུ་སྤུས་གནས་ཚུལ་དུས་བཀག་ནང་ལྟ་ཞིབ་ཚད་ལེན་དང་ཡོངས་བསྒྲགས་མ་ལག་ནང་ངེས་པར་དུ་གཅིག་གྱུར་བྱས་པའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་གི་སྟོན་གྲངས་མ་ལག་དང་། རྒྱུན་རྣམ་ཅན་གྱི་གཙང་ཆུ་རྒྱུག་ཁུལ་གྱི་ཆུ་སྤུས་གནས་ཚུལ་ལྟ་ཞིབ་ཚད་ལེན་གདེང་འཇོག་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས་བཅས་དང་དེ་བཞིན་ས་གནས་སྲིད་གཞུང་གཙོ་བོར་བྱེད་པའི་གཙང་ཆུ་རྒྱུག་ཁུལ་གྱི་སྦགས་བཙོག་བཅོས་སྒྲིག་གི་འགན་འཁྲི་རྩད་གཅོད་ལམ་སྲོལ་ཚུད་ཡོད་པ་མ་ཟད། ད་དུང་བློས་འགེལ་ཆོག་ལ་ནུས་པ་ལྡན་པའི་ཆུ་སྤུས་ཀྱི་གནས་ཚུལ་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་འཐབ་ཇུས་སྤྱད་དེ་མང་ཚོགས་དེའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས་པའི་ངོས་འཛིན་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།