འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་ཐེ་བོ་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མགྱོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་འདི་དག་གི་རིང་། ཀན་ལྷོ་ཁུལ་གྱི་ཐེ་བོ་རྫོང་གིས་ཡུལ་སྐོར་ལས་རིགས་དེ་རྫོང་དར་དམངས་ཕྱུག་གི་ཐོན་ལས་གཙོ་བོ་རུ་བརྩིས་ནས། ཤུགས་ཆེན་པོས་ཡུལ་སྐོར་དར་བའི་ཁུལ་དང་ཡུལ་སྐོར་དྲག་པའི་རྫོང་གི་འཐབ་ཇུས་ལག་བསྟར་བྱས་ཤིང་། ཐོན་ཁུངས་ལེགས་སྒྲིག་དང་གཅིག་གྱུར་འཆར་འགོད། ཚོང་གཉེར་འདུ་ཤེས་གསར་སྐྲུན། ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་བཏང་བས། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་བསྟུད་མར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཡུལ་སྐོར་སྣེ་ལེན་ནུས་པ་ལྡབ་འགྱུར་གྱིས་ཇེ་མཐོ་དང་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་སོང་ཡོད་པ་རེད།
          ཐེ་བོ་རྫོང་གིས་སྲིད་ཇུས་བཟང་བོ་རབ་དང་རིམ་པའི་པའི་རོགས་སྐྱོར་ལ་བརྟེན་ནས། ཡུལ་སྐོར་ཐོན་ལས་ལ་གཙིགས་ཆེན་བྱས་པས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པར་གྱུར། 2015ལོ་ཟླ10པའི་བར་ཏུ། རྫོང་ཡོངས་ཀྱི་ཡུལ་སྐོར་བ་མི་ཐེངས་འབུམ་བཞི་ཁྲི་བཞི་ལྷག་དང་། ཡུལ་སྐོར་སྣ་འཛོམས་ཡོང་སྒོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དགུར་བསླེབས་ཡོད་པ་རེད། ད་སྐབས། རྫོང་ཡོངས་ཀྱི་ལྗོངས་ཁུལ10ལ་ཡུལ་སྐོར་མཛེས་ལྗོངས་གནས108གསར་སྤེལ་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད་པས། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་ཉམས་དགའ་བ་ཞིག་རྒྱས་ཡོད། ལ་གཟར་འགག་གི་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་Aགསུམ་རིམ་པའི་མཛེས་ལྗོངས་ཁུལ་དུ་གཏན་ལ་ཕབ་པར་མ་ཟད། རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་ལྗོངས་ཁུལ་གཙོ་བོ12ཀྱི་གྲས་དང་། གསར་བརྗེའི་ཡུལ་སྐོར་ལམ་ཐིག30ཡི་གྲས། གསར་བརྗེའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་གངས་རི་རྩྭ་ཐང་གི་གསར་བརྗེའི་ཡུལ་སྐོར་ལྗོངས་ཁུལ་100ཡི་གྲས་སུ་ཚུད་ཡོད་པ་རེད། མགོ་རྗེ་དང་ཚུ་རུ་ནང་གི་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་Aགསུམ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བདམས་པ་དང་། བྲག་སྒམ་ནང་དེ་2014ལོར་རྒྱལ་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་སྡེ་བ་22ཀྱི་གྲས་སུ་བདམས་ཐོན་བྱུང་ཡོད་པ་རེད། དུས་མཚུངས་སུ། ཐེ་བོ་རྫོང་གིས་ཀྲུང་དབྱང་ནས་བོད་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི་འཛུགས་སྐྲུན་གྱི་གོ་སྐབས་དམ་པོར་བཟུང་སྟེ། ལས་གཞིའི་མ་དངུལ་བསྡུ་རུབ་བྱས་པ་དང་། ཚོང་འགུག་དངུལ་འདྲེན་གཞི་རྒྱ་བསྐྱེད་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་གྱི་ཡོད། རྫོང་གིས་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ས་ཡ་ལྔ་ལྷག་གྲབས་གསོག་དང་དངོས་འབེབས་བྱས་ཏེ། ཡུལ་སྐོར་ཕྱི་ཕྱོགས་སུ་དྲིལ་སྒྲོག་དང་ལྗོངས་ཁུལ་འཆར་འགོད་སྡེབ་སྒྲིག ཡུལ་སྐོར་ལས་གཉེར་བ་དོ་དམ་དང་གསོ་སྦྱོང་བྱས་པས། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་གྱིས་འཕེལ་བར་མ་དངུལ་གྱི་ཁག་ཐེག་ བྱས་ཡོད་པ་རེད། ༼ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚེ་རིང་རྡོ་རྗེས།༽
      

    ཕྱོགས་བསྡུས་གསར་འགྱུར།