འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་སློབ་འབྲིང་སློབ་མར་སླར་ཡང་རྒྱ་ཡིག“ཚོད་རྒྱུགས”གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སློབ་གསོ་དང་ཚན་རིག་ལྟ་སྐུལ་ཅུས་ཀྱིས་འདི་ལོ་ནས་བཟུང་རྒྱལ་ཁབ་ཀྱི་གཅིག་གྱུར་ཡིག་རྒྱུགས་(རང་རྒྱལ་གྱི་མཐོ་རྒྱུགས་དང་འདྲ་པོ་ཡོད)ནང་རྒྱ་ཡིག་སློབ་ཚན་བཅུག་ནས་ཚོད་རྒྱུགས་བྱ་རྒྱུ་ཡིན་པ་མ་ཟད། རྒྱུགས་ཤོག་ལ་ཞིབ་བཤེར་བྱེད་ཐུབ་མཁན་གྱི་རིགས་གཅིག་མཁས་ཅན་གསོ་སྐྱོང་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། མིག་སྔར་སྡེ་ཚན་དེས་རྒྱ་ཡིག་གི་རྒྱལ་ཁབ་གཅིག་གྱུར་ཡིག་རྒྱུགས་ཇུས་གཞི་བཟོ་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་རྒྱ་ཡིག་དེ་ཡིག་རྒྱུགས་སློབ་ཚན་གྲས་སུ་འཇུག་རྒྱུར་ད་དུང་ལོ་གཉིས་ནས་གསུམ་བར་དགོས་ཀྱི་ཡོད་པ་རེད།
         ན་ནིང་ཟླ་བདུན་པར་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སློབ་གསོ་དང་ཚན་རིག་པུའི་པུའུ་ཀྲང་གཞོན་པ་དང་པོ་ནཱ་ཐ་ལི་ཡ·ཐེ་ལེ་ཅི་ཡཱ་ཁེས་2016ལོ་ནས་བཟུང་། ཨུ་རུ་སུས་རྒྱ་ཡིག་དེ་རྒྱལ་ཁབ་ཀྱི་གཅིག་གྱུར་ཡིག་རྒྱུགས་ཀྱི་སློབ་ཚན་གྲས་སུ་དངོས་སུ་ཚོད་ལྟར་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ལྟ་སྐུལ་ཅུས་ཀྱིས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཀྲུང་གོ་དང་དེ་བཞིན་རྒྱལ་ཁབ་གཞན་དག་གི་རྒྱ་ཡིག་ཡིག་རྒྱུགས་ཀྱི་ཉམས་མྱོང་ཞིབ་འཇུག་བྱེད་ཀྱི་ཡོད། ན་ནིང་ཟླ་12པར་ཀྲུང་གོ་སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱི་འཐུས་མི་དང་ཨུ་རུ་སུའི་སློབ་གསོ་ཚད་ལེན་སློབ་གླིང་སོགས་སྒྲིག་གཞིའི་འཐུས་མིས་རྒྱ་ཡིག་དེ་མཐོ་རྒྱུགས་ནང་འཇུག་རྒྱུའི་གནད་དོན་ཐད་སྤེལ་རེས་བྱས་ཡོད། ཨུ་རུ་སུའི་སློབ་གསོ་དང་ཚན་རིག་པུའུ་ཀྲང་ཁེ་ལ་ཕུའུ་ཙོའོ་ཕུའུ་ཡིས་ཟླ་གོང་མའི་ཟླ་མཇུག་ཏུ“ང་ཚོས་རྒྱ་ཡིག་སློབ་ཚན་གྱི་ཡིག་རྒྱུགས་མ་ལག་ཇུས་འགོད་བྱས་ཟིན་མོད། འོན་ཀྱང་རྒྱ་ཡིག་ནི་སྦྱོང་དཀའ་ཙམ་ཡོད་པར་བརྟེན་ང་ཚོས་དུས་ཚོད་ངེས་གཏན་ཞིག་སྤྱད་དེ་ཡིག་རྒྱུགས་མ་ལག་ལེགས་སྒྲིག་བྱེད་དགོས་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་པ་ལྟར་ན། ཡིག་རྒྱུགས་མ་ལག་འཐུས་ཚང་དུ་གཏོང་བར་ད་དུང་ལོ་གཅིག་ཙམ་གྱི་དུས་ཚོད་དགོས་ཀྱི་ཡོད”ཅེས་བཤད་པ་རེད།
         ན་ནིང་ཨུ་རུ་སུའི་ཙུང་ལི་གཞོན་པ་ཀེ་ལུའོ་ཅེ་ཚེ་ཡིས་ཨུ་རུ་སུར་ད་ལྟ་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་37000ལྷག་ཙམ་ཡོད་པའི་ནང་སློབ་ཆེན་སློབ་མ་19000ཡོད་པ་དང་ཉེ་བའི་ལོ་ལྔའི་རིང་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཨུ་རུ་སུ་བ་8000ཙམ་མང་དུ་ཕྱིན་ཡོད། ཐཱ་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ད་ཆ་ཨུ་རུ་སུར་སློབ་འབྲིང་སློབ་མ་4000ལྷག་ཙམ་གྱིས་རྒྱ་ཡིག་སྦྱོང་བཞིན་ཡོད་པ་དང་མོ་སི་ཁོ་དང་། ཧྲེང་ཕི་ཐོ་པོ། རྒྱང་ཤར་སོགས་ས་ཁུལ་དུ་ཅུང་གཅིག་སྡུད་ཡིན་ཞེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།