འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བདམས་ཐོན་བྱུང་བའི་བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་
    གི་ཁོངས་མིས་རྩ་ཁྲིམས་ལ་དམ་འཇོག་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་02ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་ཤོག་འཕེན་པ།
    ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་ཤོག་འཕེན་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་31ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གསར་དུ་བདམས་ཐོན་བྱུང་བའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་5དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་1གིས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་དར་མདུན་དུ་ཡོངས་བསྒྲགས་ངང་རྩ་ཁྲིམས་ལ་དམ་འཇོག་གནང་།
         ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་དམ་འཇོག་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
         ཐེངས་འདིའི་ཚོགས་འདུ་ཐོག་གསར་དུ་བདམས་ཐོན་བྱུང་བའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་དང་། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅིས་གོ་ཀང་། ཨུ་ཡོན་བཀྲ་ཤིས་ཚེ་རིང་བཅས་དམ་འཇོག་སྟེགས་བུའི་མདུན་དུ་བཞེངས་ནས་རྒྱལ་དར་མདུན་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་འཐུས་མི་ཡོངས་དང་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པའི་བདེན་དཔང་འོག་བརྗིད་ཉམས་ལྡན་པའི་ངང་དམ་འཇོག་གནང་བ་རེད།
         དམ་འཇོག་སྣེ་འཁྲིད་མཁན་ཅུས་ཅན་ཧྭ་ཡིས་དམ་འཇོག་སྟེགས་བུའི་དཀྱིལ་དུ་བཞེངས་ཏེ་ལག་གཡོན་མ་དམ་འཇོག་སྟེགས་བུའི་ཐོག་གི་རྒྱབ་ཤ་དམར་པོ་ཡིན་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཐོག་བཞག་པ་དང་ལག་གཡས་པའི་ཁུ་ཚུར་བསྒྲེངས་ནས“ངས་དམ་བཅའ་འཇོག་རྒྱུ་ཡིན”ཞེས་གསུངས་རྗེས་ཚང་མས་མཉམ་དུ་ཁུ་ཚུར་བསྒྲེངས་ཏེ་དམ་བཅའི་ཚིག་སྒྲོག་སྦྱངས་བྱེད་པའི་སྐད་སྒྲ་གསངས་ལ་རྣམ་འགྱུར་སྒམ་བརླིང་ལྡན་པ་ཞིག་ཡོད།
         དམ་འཇོག་མཇུག་འགྲིལ་རྗེས་པད་མ་འཕྲིན་ལས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྩ་ཁྲིམས་དམ་འཇོག་བྱེད་པ་དེས་རྒྱལ་ཁབ་ལས་དོན་མི་སྣས་རྩ་ཁྲིམས་ལ་ལྷག་བསམ་ཟོལ་མེད་དང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་བཅས་བྱ་རྒྱུར་སྐུལ་མ་དང་སློབ་གསོ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་གསར་དུ་བདམས་ཐོན་བྱུང་བའི་མི་སྣ་སྒྲིག་འཛུགས་ཡག་པོ་བྱས་ཏེ་རྩ་ཁྲིམས་དམ་འཇོག་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཡོངས་ཀྱིས་དམ་བཅའི་ཚིག་དང་ཁས་ལེན་བློ་ལ་བརྟན་པོ་ངེས་ནས་སྔ་ཕྱི་བར་གསུམ་དུ་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལས་དོན་ཧུར་ཐག་སྒྲུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
          དམ་འཇོག་མཛད་སྒོའི་ཐོག་ཞུགས་མཁན་ནང་ད་དུང་སྐར་མ་དང་། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། མོང་ཏེ་ལི། བདེ་སྐྱིད། སྐལ་བཟང་ཚེ་རིང་། ཏུང་མིན་ཅུན། སྤེན་པ་བཀྲ་ཤིས། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ཧོ་ཝུན་ཧའོ། འཆི་མེད་རིག་འཛིན། ཧྥང་ལིང་མིང་། ཀའོ་དབྱང་། རྡོ་རྗེ། བསོད་དར། ཀྲང་ཕེ་ཀྲུང་། ལིའུ་ཤུས། ཀའོ་དབན་ཧའེ། ལིའུ་ཀོང་ཤུས་བཅས་ཡོད།
    འདེམས་ཤོག་ལག་ཏུ་བཟུང་ཡོད་པའི་མི་དམངས་འཐུས་མི།
    འདེམས་ཤོག་ལག་ཏུ་བཟུང་ཡོད་པའི་མི་དམངས་འཐུས་མི།
    རྩ་ཁྲིམས་ལ་དམ་བཅའ་འཇོག་པ།
    རྩ་ཁྲིམས་ལ་དམ་བཅའ་འཇོག་པ།
      

    ཕྱོགས་བསྡུས་གསར་འགྱུར།