འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གཉིས་པའི”བཙོག་སྐྱོན་ཉུང་གཏོང་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་11ཉིན་2016ལོའི་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གིས་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”སྦགས་རྫས་གཙོ་བོའི་རིགས་ཀྱི་བཙོག་སྐྱོན་ཉུང་གཏོང་གི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་གཙོ་བོར་བཟུང་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྤེལ་རྒྱུ་ཡིན། 2016ལོར་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5མཐུག་ཚད་3%ཆག་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་མཁའ་རླུང་སྤུས་ཚད་དང་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་75%ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཁྲེན་ཅི་ཉིང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ཁོར་ཡུག་ཁོངས་གཏོགས་ཀྱིས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཆེན་པོ་ཕྱིན་ཡོད། འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་གྱིས་སྦགས་བཙོག་རིགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱ་རྒྱུའི་དམག་བརྡ་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་པ་བརྒྱུད་རྒྱལ་ཡོངས་ཀྱི་ས་ངོས་ཆུར་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ཁ་Vརིགས་ལས་ཞན་པའི་བསྡུར་ཚད་2010ལོའི་15.6%ནས་8.8%བར་ཆག་ནས་གཙང་ཆེན་དང་། ཆུ་ཆེན། ཆུ་གཞུང་ཨ་མ་བཅས་ཀྱི་ཆུ་སྤུས་བརྟན་པོའི་སྒོ་ནས་མཐོ་རུ་ཕྱིན་ཡོད། སྦགས་རྫས་གཙོ་བོའི་རིགས་ཀྱི་བཙོག་སྐྱོན་ཉུང་གཏོང་གི་ལས་འགན་བཞི་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་སྐྱུར་ཆར་བབ་པའི་རྒྱ་ཁྱོན་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ཆུ་ཚད་དུ་སླར་གསོ་བྱུང་ཡོད་ཅེས་བཤད་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། ཁྲེན་ཅི་ཉིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”ཁོར་ཡུག་སྤུས་ཚད་དམིགས་ཚད་འགོད་སྐབས་ཕྱོགས་གསུམ་ལ་བསམ་གཞིག་བྱེད་དགོས་པ་སྟེ། གཅིག་ནས་ཁོར་ཡུག་སྤུས་ཚད་ཐད་ཀྱི་སྤྱི་དམངས་ཀྱི་རེ་འབོད་དང་། ཁོར་ཡུག་དམིགས་ཚད་ལག་བསྟར་ཐུབ་མིན་དང་མངོན་འགྱུར་ཐུབ་མིན། དཔལ་འབྱོར་སྤྱི་ཚོགས་ཀྱིས་འཁུར་བཟོད་ཐུབ་མིན་བཅས་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་དགོས་ཤིང་། ལས་ཀ་ཧུར་ཐག་བྱེད་དགོས་ལ་འཚབ་འཚུབ་ཆེ་དྲགས་རྒྱུའང་མེད། གཉིས་ནས་རྗེས་ཐོན་གྱི་ལེགས་ཆ་དང་ལམ་ལུགས་གྱི་ལེགས་ཆར་མཐོང་ཆེན་བྱེད་དགོས་ལ་དུས་མཚམས་རང་བཞིན་གྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་ཆོས་ཉིད་ལ་བརྟེན་རྒྱུར་སྣང་ཆེན་ཡང་བྱེད་དགོས། གསུམ་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཕྱོགས་སྟོན་དུ་འཛིན་ཏེ་སྤྱི་དམངས་ཀྱི་མྱོང་ཚོར་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁོར་ཡུག་དམིགས་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
         དེའི་ཕྱིར་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་པའི་ནང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་གཞི་རྩའི་ཆ་ནས་མཐོ་རུ་གཏོང་རྒྱུ་དང་། སྦགས་རྫས་གཙོ་བོའི་རིགས་འབུད་འབོར་ཚད་གཞི་མཐོ་པོས་ཆག་པར་བྱ་རྒྱུ། ཁོར་ཡུག་གི་ཉམས་ཉེན་དོ་དམ་ཚོད་འཛིན་ནན་པོ་ཡོང་བ་བྱ་རྒྱུ་ལ་སོགས་ཚུད་ཡོད་པ་རེད།
         ཁོར་ཡུག་སྤུས་ཚད་དམིགས་ཚད་ཐད་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5གར་ཚད་དམའ་རུ་སོང་བའི་བསྡུར་ཚད་དང་། ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་མཐོ་བ་དང་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད། གཙོ་གནད་ས་ཁུལ་གྱི་སྦགས་བཙོག་ཚབས་ཆེན་གྱི་ཉིན་གྲངས་ཉུང་དུ་དང་རྒྱལ་ཡོངས་ཀྱི་ས་ངོས་ཆུ་Ⅲརིགས་ཀྱི་ཆུ་ལས་ལེགས་པའི་བསྡུར་ཚད། རྒྱལ་ཡོངས་ཀྱི་ས་ངོས་ཆུ་Ⅴརིགས་ཀྱི་ཆུ་ལས་ཞན་པའི་བསྡུར་ཚད་སོགས་དམིགས་ཚད་གཙོ་བོར་འཛིན་རྒྱུ་དང་། སྦགས་རྫས་གཙོ་བོའི་རིགས་འབུད་ཚད་ཐད་VOCs(ཡལ་བའི་རང་བཞིན་ལྡན་པའི་སྐྱེ་ལྡན་དངོས་པོ་)སྤྱི་འབོར་ཚོད་འཛིན་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ། ཁོར་ཡུག་ཉམས་ཉེན་ཐད་གཙོ་གནད་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་དངོས་འབུད་ཚད་དམའ་རུ་དང་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ཐོན་གྲངས་ཉུང་དུ་འགྲོ་བ་བྱ་རྒྱུ་ལ་སོགས། སྣོད་བཅུད་སྲུང་སྐྱོང་ཐད་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་ཁོངས་གཏོགས་ཀྱི་རྫོང་ཁོངས་སྣོད་བཅུད་གནས་ཚུལ་མུ་མཐུད་ལེགས་སུ་འགྲོ་བ་བྱ་རྒྱུ་བཅས་རེད།
         འདི་ལོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་དམིགས་ཚད་གཙོ་བོ་ནི་2015ལོ་དང་བསྡུར་ན་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5གར་ཚད་3%ཆག་པ་བྱ་རྒྱུ་དང་མཁའ་རླུང་སྤུས་ཚད་དང་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་75%ཟིན་པ་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་ས་ངོས་ཆུ་Ⅲརིགས་ཀྱི་ཆུ་ལས་ལེགས་པའི་བསྡུར་ཚད་66%ཟིན་པ་བྱ་རྒྱུ། རྒྱལ་ཡོངས་ཀྱི་ས་ངོས་ཆུ་Ⅴརིགས་ཀྱི་ཆུ་ལས་ཞན་པའི་བསྡུར་ཚད་9%བར་ཚོད་འཛིན་བྱ་རྒྱུ། རྫས་འགྱུར་ལ་མཁོ་བའི་དབྱང་རླུང་དང་ཨན་ཏན་3%སོ་སོར་ཆག་པ་བྱ་རྒྱུ། VOCsམི་འཕར་བ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།