འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ནོར་སྲིད་པུའི་དཔོན་རིགས་ཀྱིས་འཛམ་གླིང་དངུལ་ཁང་གི་རྒྱུན་ལས་ཧང་ཀྲང་གཞོན་པ་
    དང་དབུ་བཞུགས་སྲིད་འཛིན་དཔོན་གྱི་ལས་འགན་གཅིག་ལྕོགས་འཁུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ནོར་སྲིད་པུའུ་ཡིས་ཚེས་12ཉིན་གནས་ཚུལ་སྤེལ་ནས་ནོར་སྲིད་པུའི་རྒྱལ་སྤྱིའི་ནོར་སྲིད་དང་དངུལ་རྩ་མཉམ་ལས་སིའི་སི་ཀྲང་གི་འགན་འཁུར་བཞིན་པའི་དབྱང་ཧྲའོ་ལིན་གྱིས་འཛམ་གླིང་དངུལ་ཁང་གི་ལས་ཐོག་དང་པོའི་རྒྱུན་ལས་ཧང་ཀྲང་གཞོན་པ་དང་དབུ་བཞུགས་སྲིད་འཛིན་དཔོན་གྱི་ལས་འགན་ཁུར་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་པ་རེད།
         ཨ་རིའི་ཝ་ཧྲིང་ཐོན་གྱི་དུས་ཚོད་ཟླ་1ཚེས་11ཉིན་འཛམ་གླིང་དངུལ་ཁང་གིས་ལས་གནས་བསྐོ་གཞག་དེ་ཡོངས་བསྒྲགས་བྱས་པ་དང་རྒྱུན་ལས་ཧང་ཀྲང་གཞོན་པ་དང་དབུ་བཞུགས་སྲིད་འཛིན་དཔོན་གཅིག་ལྕོགས་ཡིན་པའི་འཛམ་གླིང་དངུལ་ཁང་ཚོགས་པས་གསར་དུ་བཀོད་སྒྲིག་བྱས་པའི་ལས་གནས་ཤིག་ཡིན་པ་དེས་འཛམ་གླིང་དངུལ་ཁང་གི་སྒྲིག་གཞིའི་འཐབ་ཇུས་དང་། སྔོན་རྩིས། ཉེན་ཁ་དོ་དམ། སྲིད་གཙང་། ལས་བཟོའི་ལས་རིགས་ཀུན་སྤྱོད། ཆ་འཕྲིན་ཅན་སོགས་ཀྱི་ལས་སྒོ་གཙོ་གཉེར་བྱེད་ཀྱི་ཡོད། 2016ལོའི་ཟླ་2ཚེས་29ཉིན་ནས་དབྱང་ཧྲའོ་ལིན་གྱིས་དངོས་སུ་ལས་འགན་འཁུར་རྒྱུ་ཡིན་པ་རེད།
         དབྱང་ཧྲའོ་ལིན་གྱིས་ད་ལྟ་ནོར་སྲིད་པུའུ་རྒྱལ་སྤྱིའི་ནོར་སྲིད་དང་དངུལ་རྩ་མཉམ་ལས་སིའི་སི་ཀྲང་གི་འགན་འཁུར་བ་དང་ཀྲུང་གོ་དང་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་གསར་སྤེལ་དངུལ་རྩའི་སྒྲིག་གཞིའི་མཉམ་ལས་ཀྱི་འགན་འཁུར་བ་དེའི་ནང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ་སོགས་སྒྲིག་གཞི་གསར་པ་གྲབས་འཛུགས་བྱས་པ་ཚུད་ཡོད། དེ་གོང་ཁོང་གིས་དེ་སྔ་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་ཀྲུང་གོའི་ལས་འཛིན་ཏུང་ཧྲི་གཞོན་པ་དང་། ནོར་སྲིད་པུའུ་རྒྱལ་སྤྱི་སིའི་སི་ཀྲང་གཞོན་པ། ནོར་སྲིད་པུའི་ཕྱི་ཕྱོགས་དཔལ་འབྱོར་སྤེལ་རེས་གཞུང་དོན་ཁང་གི་ཀྲུའུ་རེན། འཛམ་གླིང་དངུལ་ཁང་ཀྲུང་གོའི་ལས་འཛིན་ཏུང་ཧྲི་སོགས་ཀྱི་ལས་གནས་འཁུར་མྱོང་ཡོད་པས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་སྲིད་ཇུས་ཁག་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་ཕྱོགས་མང་གསར་སྤེལ་དངུལ་རྩའི་སྒྲིག་གཞིའི་ལས་སྒོའི་ཐད་བྱང་ཆུབ་པ་ཞིག་ཡོད་པ་རེད།
         འཛམ་གླིང་དངུལ་ཁང་གིས་དེའི་གསར་འགྱུར་སྤྱི་བསྒྲགས་ཁྲོད་དབྱང་ཧྲའོ་ལིན་གྱིས་རྒྱལ་སྤྱིའི་ཤེས་ལྡན་འཚོལ་བཤེར་ཀུང་སིའི་ཆེད་ལས་འདེམས་སྒྲུག་དང་འཛམ་གླིང་དངུལ་ཁང་འདེམས་སྒྲུག་ཨུ་ལྷན་གྱི་ཡོངས་བསྒྲགས་ངོ་འཕྲད་རྒྱུགས་ལེན་སོགས་འདེམས་བསྐོའི་གོ་རིམ་བརྒྱུད་བརྗེས་མཐར་འདེམས་ཐོན་བྱུང་བ་དང་འབྲེལ་དབྱང་ཧྲའོ་ལིན་གྱི་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་འཛུགས་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པའི་གདེང་འཇོག་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།
         འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་གིས“ང་ཚོས་དབྱང་ཧྲའོ་ལིན་འཛམ་གླིང་དངུལ་ཁང་ཚོགས་པར་བསྐྱོད་ནས་ལས་གནས་གསར་པ་གལ་ཆེན་དེ་འཁུར་བར་དགའ་བསུ་ཞུ་རྒྱུ་ཡིན། ཁོང་གིས་མཉམ་ལས་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་བཤད་པ་རེད།
         འཛམ་གླིང་དངུལ་ཁང་ནི་1945ལོར་བཙུགས་པ་དང་དེ་ནི་གོ་ལ་ཧྲིལ་པོའི་ཕྱོགས་མང་གསར་སྤེལ་གྱི་དངུལ་རྩའི་སྒྲིག་གཞི་ཆེ་ཤོས་ཡིན་པ་དེའི་དམིགས་ཡུལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཀའ་ངལ་སེལ་རོགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱ་ཆེད་ཡིན་པ་དང་སྤྱི་ཁྱབ་པུའུ་དེ་ཨ་རིའི་ཝ་ཧྲེང་ཐོན་དུ་བཙུགས་ཡོད། 1980ལོར་འཛམ་གླིང་དངུལ་ཁང་གི་ཀྲུང་གོའི་ཁྲིམས་མཐུན་གནས་བབ་སླར་གསོ་བྱས་པ་ནས་བཟུང་ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་མཉམ་ལས་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་ལྷག་པར་དུ་དངུལ་བུན་མཉམ་ལས་དང་། ཤེས་བྱའི་མཉམ་ལས། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2010ལོའི་ཟླ་4པར་འཛམ་གླིང་དངུལ་ཁང་གིས་གྲོས་འཆམ་བྱས་པའི་འདེམས་ཤོག་འཕེན་དབང་སྒྱུར་བཅོས་ཇུས་གཞི་གཞིར་བཟུང་ཀྲུང་གོ་འདི་ཉིད་འཛམ་གླིང་དངུལ་ཁང་གི་རྐང་བདག་རྒྱལ་ཁབ་ཆེན་པོ་ཨང་གསུམ་པ་དེར་གྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།