འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་མའེ་ལི་ནུའུ་ལུ་གུའི་རྒྱུད་པ་སྤེལ་ཐུབ་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཐོག་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལན་ཀྲོའུ་འབྲོག་ལས་དང་ཕྱུགས་རིགས་སྨན་རྫས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དབྱང་པོ་ཧུའེ་ཡིས་སྣེ་ཁྲིད་པའི་གསར་གཏོད་ཚོགས་པས་ཀན་སུའུ་ཞིང་ཆེན་ལུ་གུ་རྒྱུད་སྤེལ་ལག་རྩལ་ཁྱབ་གདལ་ཁང་སོགས་ཚན་པ་7དང་མཉམ་འབྲེལ་ཐོག་ལོ་20ལྷག་ཙམ་རིང་དཀའ་སྤྱད་ཞིབ་འཇུག་བྱས་པ་བརྒྱུད། མཐོ་གྲང་སྐམ་ཤས་ཆེ་བའི་སྣོད་བཅུད་ཁུལ་དུ་འཚོ་གནས་བྱ་རྒྱུར་འཚམ་པའི་རང་རྒྱལ་གྱི་བལ་འཇམ་ལུ་གུའི་རྒྱུད་པ་གསར་པ་ཡིན་པ་སྟེ་ས་མཐོའི་མའེ་ལི་ནུའུ་ལུ་གུ་སྐྱེད་སྲིང་བྱས་པ་དེར་ཉེ་དུས་རྒྱལ་ཁབ་སྒོ་ཕྱུགས་དང་བྱ་རིགས་རྒྱུད་འཛིན་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་རྒྱུད་པ་གསར་པའི་ཞིབ་བཤེར་གཏན་འཁེལ་བྱས་པ་རེད།
         དེའི་རིང་རིགས་གཅིག་མཁས་ཅན་གྱིས་རྒྱུད་པ་དེ་རིགས་སྐྱེད་སྲིང་བདེ་བླག་བྱུང་བ་དེས་འཛམ་གླིང་གི་ས་བབ་མཐོ་བའི་སྣོད་བཅུད་ཁུལ་དུ་བལ་འཇམ་ལུ་གུའི་རྒྱུད་པ་སྤེལ་མི་ཐུབ་པའི་སྟོང་ཆ་བསྐངས་ཡོད་པ་དེ་ནི་རང་རྒྱལ་གྱི་ས་མཐོར་བལ་འཇམ་ལུ་གུ་སྐྱེད་སྲིང་ཐད་ཚད་བརྒལ་གལ་ཆེན་བྱུང་བ་ཞིག་ཡིན་ལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལའང་སླེབས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ས་མཐོའི་མའེ་ལི་ནུའུ་ལུ་གུ་ནི་ཨོ་སི་ཁྲུ་ལི་ཡའི་མའེ་ལི་ནུའུ་ལུ་གུ་ར་ཐུག་བྱས་པ་དང་ཀན་སུའུ་ས་མཐོའི་བལ་འཇམ་ལུ་གུ་མ་མོ་བྱས་ནས་དེང་རབས་རྒྱུད་སྤེལ་གྱི་སྔོན་ཐོན་ལག་རྩལ་སྤྱད་དེ་སྐྱེད་སྲིང་བདེ་བླག་བྱུང་བའི་རྒྱུད་པ་གསར་པ་ཞིག་རེད། རྒྱུད་པ་དེ་རིགས་སྨི་2400ནས་4070ཡི་སྣོད་བཅུད་ཁུལ་དུ་འཚོ་གནས་ཐུབ་ཅིང་། དེར་གཉན་འགོག་རང་བཞིན་དང་སྣོད་བཅུད་ཧེ་བག་ཅན་གྱི་ལེགས་ཆ་ལྡན་པ་དང་། བལ་འཇམ་ཚད་ཝེ་སྨི་19.1ནས་21.5བར་ཟིན་པ། སྤུས་ཚད་སྟོན་གྲངས་དང་ཕྱོགས་བསྡུས་སྤུས་ཀ་དེ་རིགས་གཅིག་པའི་ཨོ་སི་ཁྲུ་ལི་ཡའི་མའེ་ལི་ནུའུ་ལུ་གུ་ལས་བརྒལ་ཡོད་པས་ཨོ་སི་ཁྲུ་ལི་ཡའི་མའེ་ལི་ནུའུ་ལུ་གུ་རང་རྒྱལ་གྱི་ས་བབ་མཐོ་ལ་གྲང་ངར་དང་སྐམ་ཤས་ཆེ་བའི་སྣོད་བཅུད་ཁུལ་དུ་འཚོ་གནས་ཐུབ་པ་དང་ལུ་གུའི་རྒྱུད་པའི་ཐོན་ཁུངས་གྲུབ་ཆ་ཕུན་སུམ་ཚོགས་སུ་སོང་ཡོད་པ་རེད།
         རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པར་གཞིགས་ན། གལ་ཏེ་ལོ་ལྟར་ར་ཐུག་ཁྲི་1.6ཁྱབ་གདལ་བཏང་ཚེ་བལ་འཇམ་ལུ་གུ་ཁྲི་600ཡི་རྒྱུད་པ་ལེགས་བཅོས་ཐུབ་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10འཕར་གྱི་ཡོད། དེས་རང་རྒྱལ་གྱི་བལ་འཇམ་ལུ་གུའི་ཐོན་ལས་རིམ་སྤོར་ལ་སྐུལ་མ་གཏོང་བ་དང་། བལ་ལས་ལས་སྣོན་དང་ལྷག་པར་དུ་ལུག་བལ་རྩེ་གྲའི་དགོས་མཁོ་སྐོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།