འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྟོངས་ལ་ཉེ་བའི་ས་མཐོའི་སྲོག་ཆགས་སྲུང་སྐྱོབ་ནུས་ལྡན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཆ་སྙོམས་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4000ཡན་གྱི་ས་མཐོའི་སྐམ་ས་ཆེ་མོའི་གནམ་གཤིས་ཁོར་ཡུག་ལས། འཛམ་གླིང་ཐོག་གཙང་གསུམ་ཆུ་མགོའི་མཐོ་གྲང་ཁུལ་གྱི་ཐུན་མིན་རིགས་རྒྱུད་ཀྱི་ཐོན་ཁུངས་མཛོད་ཅིག་གྲུབ་མོད། འོན་ཀྱང་མཐོ་གྲང་ཁུལ་གྱི་ཉམས་ཞན་སྣོད་བཅུད་མ་ལག་དེའི་ཐོག་འཚོ་གནས་བྱེད་མཁན་སྲོག་ཆགས་ཚང་མར“འཚོ་གནས་དཀའ་བའི་གནད་དོན”འཕྲད་ཡོད་པ་རེད།
         དུས་རབས་གོང་མའི་ལོ་རབས་90པར་གཙོད་དང་། དགོ་བ། གསའ་སོགས་ས་མཐོའི་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་དེ་རིགས་སྟོངས་ལ་ཁད་ཀྱི་ཉེན་ཁ་འཕྲད་ཅིང་། 2005ལོར་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་མགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ཚུན། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཚད་ཆེ་རུ་ཕྱིན་ཡོད་པ་རེད།
         “བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་དང་ཁྱུ་ཚོགས་གྲངས་འབོར་སླར་གསོའི་གནས་ཚུལ་གཏན་འཁེལ་ཐད་རིགས་གཅིག་མཁས་ཅན་གྱིས་ཤན་འབྱེད་བྱེད་ཀྱི་ཡོད། འོན་ཀྱང་ཡུན་རིང་འབྲོག་ཁུལ་དུ་ལས་ཀ་བྱེད་མྱོང་བའི་ངར། བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་སོང་བ་ཚོར་བྱུང”ཞེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་ཕྱུགས་ལས་དང་ནགས་ལས་ཚན་རྩལ་ཅུས་ཀྱི་ལས་དོན་པ་བསམ་གྲུབ་ཀྱིས་དེ་ལྟར་བརྗོད།
         བསམ་གྲུབ་ཀྱིས་ཉེ་བའི་ལོ་གཉིས་རིང་ནགས་ལས་སྡེ་ཚན་ལ། དྲེད་མོང་དང་གསའ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་གྲོང་ཁྱེར་ནང་སླེབས་པའི་སྙན་ཞུ་འབྱོར་གྱི་འདུག ན་ནིང་ཟླ་བཅུ་པར་གསའ་གཉིས་དང་དྲེད་མོང་གཅིག་རྫོང་དུ་ཤོར་བའི་གནས་ཚུལ་དེ། ལོ་ཤས་གོང་བསམ་མི་ཕོད་པའི་སྣང་ཚུལ་ཞིག་རེད་ཅེས་བཤད།
         “དེ་སྔ་མཐོང་དཀོན་པའི་གསའ་དང་དྲེད་མོང་སོགས་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་དེ་རིགས་འདུ་འཛི་ཆེ་བའི་གྲོང་རྡལ་ཉེ་འགྲམ་དུ་ཡང་ཡང་ཐོན་པ་དེ་ཐོག་ནས་གཙང་གསུམ་ཆུ་མགོའི་ས་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་མུ་མཐུད་མང་དུ་སོང་བ་མཚོན་ཡོད”ཅེས་བསམ་གྲུབ་ཀྱིས་བཤད།
         གཙང་གསུམ་ཆུ་མགོའི་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གྲངས་འབོར་མང་དུ་སོང་བ་དང་ཕྱིར་དོན་ཚད་མང་བར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་བཟོ་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད།
         དབང་གྲགས་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱུང་བ་དང་དེ་བཞིན་འབྲོག་ཁུལ་མང་ཚོགས་ཀྱི་སྣོད་བཅུད་འདུ་ཤེས་ཟབ་ཏུ་ཕྱིན་པར་བརྟེན། གཙང་གསུམ་ཆུ་མགོའི་ཁུལ་གྱི་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ་སྟེ།
         — ཡུལ་ཤུལ་ཀྲོའུ་གཙང་གསུམ་ཆུ་མགོའི་གཞུང་དོན་ཁང་གི་གྲངས་གཞི་ལས་མངོན་པར། ལོ་བཅུ་ལྷག་ཙམ་སྲུང་སྐྱོང་བྱས་པ་བརྒྱུད། ས་གནས་དེར་བདག་ཏུ་མ་བཟུང་བའི་འདབ་ཆགས་རིགས་31ནས་61བར་མང་དུ་སོང་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་20ལྷག་ཙམ་ནས་200ལྷག་ཙམ་བར་མང་དུ་ཕྱིན་པ། གཙོད་ཁྲི་གཉིས་ཙམ་ནས་ཁྲི་དྲུག་ཙམ་བར་མང་དུ་ཕྱིན་ཡོད།
         — མཚོ་སྔོན་ཞིང་ཆེན་གྱི་བདག་ཏུ་མ་བཟུང་བའི་རྩི་ཤིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་ཉ་ལས་ཅུས་སོགས་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར། མཚོ་བོད་ས་མཐོ་ཁོ་ནར་ཡོད་པའི་སྟོངས་ལ་ཉེ་བའི་དགོ་བའི་གྲངས་འབོར་300ལྷག་ཙམ་ནས་1000ལྷག་ཙམ་བར་མང་དུ་སོང་བ་དང་མཚོ་སྔོན་པོའི་གཙོང་ཉའི་གྲངས་འབོར་དེ་ཏུན་3000ནས་ཏུན་ཁྲི་6ཙམ་བར་མང་དུ་སོང་ཡོད།
         དུས་ཐེངས་གཉིས་པའི་འདུ་འགོད་འཆར་འགོད་ཁྲོད་བདག་ཏུ་མ་བཟུང་བའི་སྐྱེ་དངོས་སྲོག་ཆགས་འཚར་སའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དང་། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་སླར་གསོ་བྱ་རྒྱུ་དེ་དམིགས་ཚད་ཀྱི་གྲས་ཤིག་ཏུ་བརྩིས་ནས་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་དང་སྐྱེ་དངོས་གཙོ་བོར་བྱས་ཏེ་མཚོ་མཚེའུ་དང་འདམ་རར་ཉ་འཛིན་རྒྱུ་གཏན་འགོག་དང་། ཉ་རིགས་འཕེལ་བ་དང་གློད་པ། སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།