འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧན་དང་ཀྲུང་ཨོའི་རང་མོས་ཚོང་དོན་ཆོད་ཡིག་གོ་ཆོད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཧན་གོ ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རང་མོས་ཚོང་དོན་ཆོད་ཡིག་ཚེས་20ཉིན་དངོས་སུ་གོ་ཆོད་ཅིང་། ཧན་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ནི་ཀྲུང་གོའི་ཚོང་དོན་རོགས་ཟླ་གལ་ཆེན་ཡིན་པ་དང་རང་མོས་ཚོང་དོན་ཁུལ་གཉིས་བསྐྲུན་པ་དེས་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་འབྲེལ་བ་དང་ཐ་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་ཚོང་དོན་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད།
         ཀྲུང་ཧན་རང་མོས་ཚོང་དོན་ཆོད་ཡིག་ནི་ཀྲུང་གོས་ད་བར་ཕྱི་ཕྱོགས་དང་མིང་རྟགས་བཀོད་པའི་ཚོང་དོན་གྱི་བསྡོམས་འབོར་ཆེ་ཤོས་དང་གྲོས་ཆོད་ཀྱི་ཁྱབ་རྒྱ་ཆེ་ཤོས་ཀྱི་རང་མོས་ཚོང་དོན་གྱི་ཆོད་ཡིག་ཞིག་རེད། ཧན་གོའི་ལས་རིགས་ཁག་གིས་ཆོད་ཡིག་དེས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་གསོན་ཤུགས་བསྣན་རྒྱུ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མི་སྒེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་མ་ཟད། ད་དུང་ཨེ་ཤེ་ཡ་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧན་རང་མོས་ཚོང་དོན་ཆོད་ཡིག་དེ་2015ལོའི་ཟླ་12ཚེས་20ཉིན་ཁྲལ་རྩ་ཆག་ཐེངས་དང་པོ་བཏང་བ་དང་2016ལོའི་ཟླ་1ཚེས་1ཉིན་ཁྲལ་རྩ་ཆག་ཐེངས་གཉིས་པ་བཏང་ཡོད། ལོ་ཉི་ཤུའི་རིང་ཀྲུང་གོ་ཕྱོགས་ཀྱིས་ཁྲལ་མི་བསྡུ་བའི་ཐོན་ཟོག་དེ་ཁྲལ་གྱི་རྣམ་གྲངས་བསྡོམས་འབོར་གྱི་91%དང་ནང་འདྲེན་བསྡོམས་འབོར་གྱི་85%ཟིན་རྒྱུ་དང་ཧན་གོ་ཕྱོགས་ཀྱིས་ཁྲལ་མི་བསྡུ་བའི་ཐོན་ཟོག་དེ་ཁྲལ་གྱི་རྣམ་གྲངས་བསྡོམས་འབོར་གྱི་92%དང་ནང་འདྲེན་བསྡོམས་འབོར་གྱི་91%ཟིན་རྒྱུ་རེད།
         ལས་རིགས་མི་སྣས་དབྱེ་ཞིབ་བྱས་པར། ཀྲུང་ཧན་རང་མོས་ཚོང་དོན་ཆོད་ཡིག་གོ་ཆོད་པ་དེས། ཀྲུང་གོའི་འཛད་སྤྱོད་པས་སྤུས་ཀ་ལེགས་ལ་གོང་ཁེ་བའི་ཧན་གོའི་ཚོང་ཟོག་ཉོ་ཆོག་པ་དང་། ཧན་གོར་སྐྱོད་མི་དགོས་པར་ངོ་གདོང་བཟོ་བའི་ཧན་གོའི་ཞབས་ཞུ་ལོངས་སུ་སྤྱོད་པ། ཧན་གོར་ཡུལ་སྐོར་ལ་སྐྱོད་བདེ་བ། ཧན་གོའི་ཚལ་བསྙལ་མ་ལོངས་སྤྱོད་ཐུབ་པ། མཛེས་ལ་གོང་ཁེ་བའི“ཀྲུང་གོས་བཟོས་པའི”ཐོན་ཟོག་ཀྱང་ཧན་གོའི་མི་སེར་གྱི་རྒྱུན་གཏན་འཚོ་བའི་ཁྲོད་སྐྱོད་རྒྱུ་བཅས་རེད། གཞན་ཡང་ཧན་གོའི་འབྱུག་རྫས་དང་རོལ་རྩེད་སོགས་ཀྱི་ཐོན་ལས་ལའང་ཁེ་བཟང་ཆེན་པོ་ཐོབ་རྒྱུ་རེད།
         ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རང་མོས་ཚོང་དོན་ཆོད་ཡིག་དེ་དངོས་ཟོག་དང་། ཞབས་ཞུ། མ་འཇོག་སོགས་ཁྱབ་ཁོངས་བཅུ་གྲངས་ཁ་ཤས་ཡོད་པས“ཕྱོགས་ཡོངས་དང་། སྤུས་ཚད་ལེགས་པ། ཁེ་ཕན་དོ་སྙོམས”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཆོད་ཡིག་ལྟར་ཕྱོགས་གཉིས་ཀྱིས་ཕྱིར་གཏོང་ཚོང་དོན་བསྡོམས་འབོར་85.4%བཟུང་བའི་ཆོད་ཡིག་དེ་གོ་ཆོད་པའི་ཉིན་ནས་བཟུང་འཕྲལ་དུ་དཔྱ་ཁྲལ་མི་བསྡུ་བའི་ལས་དོན་སྤེལ་རྒྱུ་རེད། ཁྲལ་རྩ་ཆག་བར་བརྒལ་གྱི་དུས་ཀྱི་རྗེས། ཨོ་སི་ཁྲུ་ལི་ཡས་ཁྲལ་མི་བསྡུ་བའི་ཁྲལ་གྱི་རྣམ་གྲངས་ཀྱི་བསྡུར་ཚད་དང་ཚོང་དོན་བསྡོམས་འབོར་གྱི་བསྡུར་ཚད་དེ་100%བཟུང་རྒྱུ་དང་། ཀྲུང་གོས་ཁྲལ་མི་བསྡུ་བའི་ཁྲལ་གྱི་རྣམ་གྲངས་དང་ཚོང་དོན་བསྡོམས་འབོར་གྱི་བསྡུར་ཚད་དེ་ཁག་སོ་སོར་96.8%དང་97%སོ་སོར་ཟིན་རྒྱུ་རེད།
         རིགས་གཅིག་མཁས་ཅན་གྱིས་ཀྲུང་ཨོ་རང་མོས་ཚོང་དོན་ཆོད་ཡིག་དེས་ཨོ་སི་ཁྲུ་ལི་ཡའི་ཕྱིར་གཏོང་ཚོང་པར་ཕན་པ་ཐོབ་རྒྱུ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཁེ་ལས་དང་ཐོན་ཟོག་ཀྲུང་གོར་འགྲན་རྩོད་བྱེད་པའི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་འབྲེལ་ཨོ་སི་ཁྲུ་ལི་ཡའི་འཛད་སྤྱོད་པས་ཀྲུང་གོའི་གློག་རྡུལ་ཐོན་ཟོག་དང་། གྱོན་ཆས། འཛིན་ཆས་སོགས་ཉོས་ན་ཕན་པ་ཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།