འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གིས“ཚན་རྩལ‘གཉིས་གཏོད’ ཀྱི་མནའ་འབྲེལ”བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། སློབ་ཆེན། ཚན་རིག་ལག་རྩལ་གླིང་ཁུལ། སྔོན་ཐོན་ཚན་རྩལ་གྱི་སྐྱོང་གསོའི་ཡོ་བྱད། ཤེས་བྱའི་ཐོན་དབང་གི་སྒྲིག་གཞི། ཚན་རྩལ་ཁེ་ལས་དང་དངུལ་རྩའི་མ་འཇོག་སྒྲིག་གཞི་བཅས་དང་མཉམ་དུ“ཚན་རྩལ‘གཉིས་གཏོད’ཀྱི་མནའ་འབྲེལ”བཙུགས་ཏེ་ཐུན་མོང་ཐོག“དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་སྐུལ་མ་བཏང་བ་དང་། ཚེས་18ཉིན་ཐེངས་དང་པོའི་གྲོས་འགོ་བཏོན་མཁན་ཚན་པ་ཁག་གིས་པེ་ཅིང་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མནའ་འབྲེལ་དེས་ཚན་རིག་ཞིབ་འཇུག་ཁང་གི་ཚན་རྩལ་ཐོན་ཁུངས་དང་། ཤེས་ལྡན་མི་སྣ་དང་ཚན་རྩལ་སྟེགས་བུའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཆེད་ལས་ཀྱི་སྒྲིག་གཞི་ཁག་དང་མཉམ་འབྲེལ་ཐོག་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱས་ཏེ་ཚན་རྩལ་དང་ཐོན་ལས། མ་རྩ་མཉམ་སྒུལ་མཉམ་འདྲེས་ཀྱི་ལམ་སྲོལ་དང་ཁོར་ཡུག་གཏོད་ནས་ཕུལ་བྱུང་གི“གསར་གཏོད་ལས་གཏོད་ཀྱི་སྣོད་བཅུད་མ་ལག”གཏོད་རྒྱུ་རེད། མནའ་འབྲེལ་གྱིས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་ཚན་རྩལ་གསར་གཏོད་ཀྱི་སྐྱོང་གསོའི་མཉམ་ལས་སྟེགས་བུ་གཏོད་པ་དང“གཉིས་གཏོད”ཀྱི་ཤེས་ལྡན་མི་སྣའི་མཉམ་ལས་དྲ་བ་བཙུགས་ཏེ་འབྲེལ་ཡོད་ཆ་འཕྲིན་གྱི་སྟེགས་བུ་དང་མ་འཇོག་དང་མ་དངུལ་མཉམ་འདྲེས་ཀྱི་སྟེགས་བུ་བསྐྲུན་ནས“གཉིས་གཏོད”ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱ་རྒྱུ་རེད།
         ཉེ་བའི་ལོ་ཤས་ནང་། ཀྲུང་གོ་ཚན་རིག་ཁང་གིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཚན་རིག་ཁང་དང་ས་གནས་ཀྱི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་ཞབས་འདེགས་ཞུས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་གོ་ཚན་རིག་ཁང་གི་ཁོངས་གཏོགས་སྒྲིག་གཞིས་ཁྱོན་ཁེ་ལས་15230ལ་ཞབས་འདེགས་ཞུས་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་པ་ལས་སྤྱི་ཚོགས་ཁེ་ལས་ལ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་15000ལྷག་ཙམ་འཕར་སྣོན་ཡོང་བ་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་གི་ཁོངས་གཏོགས་ཞིབ་འཇུག་སྒྲིག་གཞི་33དང་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱིས་ཚན་རྩལ་རྣམ་པའི་ཁེ་ལས་307ཡི་སྐྱོང་གསོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་170གསར་དུ་གཏོད་པ། ཀྲུང་གོ་ཚན་རིག་ཁང་གི་ཁོངས་གཏོགས་ཞིབ་འཇུག་སྒྲིག་གཞི་47དང་ཀྲུང་གོ་ཚན་རིག་སློབ་ཆེན་གྱི་ཚན་རྩལ་མི་སྣ་254ཡིས་ལས་བྲལ་བྱས་ནས་བྱ་གཞག་གསར་གཏོད་བྱས་པར་བྱ་གཞག་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་5168གསོ་སྐྱོང་བཅས་བྱས་ཡོད།
         ཀྲུང་གོ་ཚན་རིག་ཁང་གིས་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁོངས་གཏོགས་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་སྔ་རྗེས་སུ་བཙུགས་པའམ་ཡང་ན་ས་གནས་སྲིད་གཞུང་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་མཉམ་ལས་བྱས་ཏེ་ཁྱོན་གཞན་སྒྱུར་རྣམ་པའི་ཁྲིམས་མི་མིན་པའི་ཚན་པ་44བཙུགས་པ་དང་སྟེགས་བུ་དེ་དག་ནང་ཚན་རིག་ཁང་ཕྱི་ནང་གི་ཚན་རྩལ་མི་སྣ་གཅིག་སྡུད་བྱེད་ཚད་མི་13000ལས་བརྒལ་ཡོད་པ་དང་། གཞན་སྒྱུར་རྣམ་གྲངས་ཁྱོན་4900ལས་བརྒལ་བ། སྐྱོང་གསོ་བྱས་པའི་ཚན་རྩལ་རྣམ་པའི་ཁེ་ལས་1200ལས་བརྒལ་ནས་སྤྱི་ཚོགས་ཐོག་རིགས་ཁག་གི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི་10ལས་བརྒལ་ཡོད།
         གཞན་ཡང་ཀྲུང་གོ་ཚན་རིག་ཁང་གིས་སྣེ་འཁྲིད་དེ་རྒྱལ་ཡོངས་ཚན་རིག་ཁང་མནའ་འབྲེལ་དང་། བྱེས་སྡོད་ས་ཚིགས་དང་རྩི་ཤིང་ལྡུམ་ར་སོགས་ཚན་རིག་གནའ་འབྲེལ་དང་སྔོན་ཐོན་རྩིས་རྒྱག རིག་ནུས་བཟོ་སྐྲུན་དང་དེ་བཞིན་འཕྲུལ་མི་སོགས་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་གནའ་འབྲེལ་བཙུགས་པས་ཐོན་ལས་དང་ཆེད་ལས་དེ་བཞིན་ཚན་རིག་ཁང་གི་མ་ལག་སོགས་ལས་གྲུབ་པའི་རིམ་པ་མང་བའི་མཉམ་ལས་གསར་གཏོད་ཀྱི་མ་ལག་རགས་ཙམ་ཆགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།