འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་སྦྱོར་ཀློག་གི་མཉེན་ཆས་གསར་པ་ཞིག་བཟོས་ནས་བཀྲམ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་18ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཡིག་སྦྱོར་ཀློག་གི་མཉེན་ཆས་གསར་པ་ཞིག་བཟོས་ནས་བཀྲམ་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། ལྗར་པན་གྱི་ཁ་བ་ཅན་ཞེས་པའི་བོད་ཀྱི་རིག་གནས་ལྟེ་གནས་ཁང་དང་TIS LLCགཉིས་ནས་མཉམ་འབྲེལ་ཐོག་ཀུ་ཤུ་ཁ་པར་སོགས་སུ་སྤྱོད་ཆོག་པའི་བོད་ཡིག་སྦྱོར་ཀློག་མཉེན་ཆས་Tibetan Readerཞེས་པ་བཟོས་ཤིང་བཀྲམ་ཡོད་ཅིང་། ཀུ་ཤུ་ཁ་པར་སྤྱོད་མཁན་གྱིས་ཁ་པར་གྱི་མཉེན་ཆས་ཕབ་ལེན་བྱེད་ས་APP Storeནས་Tibetan Readerཞེས་པའི་དབྱིན་ཡིག་སྤྱད་དེ་མཉེན་ཆས་འདི་ཕབ་ལེན་གནང་ཆོག 
         ༡ བོད་ཡིག་སྦྱོར་ཀློག
         བོད་ཡིག་སྦྱོར་ཀློག་གི་མཉེན་ཆས་འདིར་སྔོན་རྗེས་མིང་གསུམ་དང་མགོ་འདོགས་དབྱངས་དང་ཚེག་ཤད་སོགས་ཀྱི་ཡི་གེ་རྣམས་རང་རང་གི་ཐོབ་གནས་ལྟར་སྟེང་འོག་གཉིས་དང་གཡས་གཡོན་དུ་རིམ་པ་བཞིན་བཀོད་ཡོད་ལ། འདིར་གསལ་བྱེད་རྣམས་རྐྱང་ཀློག་དང་སྡེབ་སྦྱོར་བྱས་ཏེ་ཀློག་ཐུབ་པའི་ནུས་པ་ལྡན། དྲི་རྩེད་ཀྱི་ནུས་རྩལ་ཆ་རྐྱེན་ནི་གདམ་ཀ་བྱས་པའི་ཡི་གེ་དེ་ནོར་ཡོད་ན་ནོར་རྟགས་དང་འགྲིག་ཡོད་ན་འགྲིག་རྟགས་རྒྱག་པའི་ནུས་པ་ཡོད་ལ། དཔེར་ན་ཡིག་རྒྱུགས་ལེན་མཁན་གྱི་དགེ་རྒན་ཞིག་དང་ཀུན་ནས་མཚུངས།
         ༢ དབྱངས་གསལ། Alphabet
         དབྱངས་གསལ་འཆར་བའི་བརྙན་ཤེལ་འདིར་ཡི་གེའི་སྡེབ་སྦྱོར་བྱེད་ཚུལ་གྱི་འགྲོས་ལྟར་མིང་གཞི་དཀྱིལ་དང་སྟེང་འོག་ཏུ་དབྱངས་དང་མགོ་འདོགས་དང་གཡས་གཡོན་དུ་སྔོན་འཇུག་རྗེས་འཇུག་ཡང་འཇུག་རྣམས་ཟུར་དུ་བཏོན་ནས་ཡོད་པ་དང་། འདིར་དམིགས་བསལ་གྱིས་འི་འུ་འོ་རྣམས་ཚེག་ཁྱིམ་གཅིག་གི་ནང་དུ་སྦྱོར་བདེའི་ཕྱིར་ལོགས་སུ་བཀལ་ནས་བཀོད་ཡོད། བརྙན་ཤེལ་འདིའི་གཡས་ཟུར་འོག་ཏུ་འཆར་ཡོད་པའི་ཚེག་རྟགས་དང་ཤད་རྟགས་གང་རུང་ཐོག་ཏུ་རེག་ཚེ་ཚེག་ཁྱིམ་རང་བཞིན་དུ་གྲུབ་པའི་ཡི་གེ་རྣམས་ཀྱི་སྒྲའི་ང་རོ་འབྱིན། བརྙན་ཤེལ་འདིའི་གཡོན་འོག་ཏུ་ཡོད་པའི་གནས་ལོག་མཐེབ་གནོན་ཐོག་ཏུ་རེག་ཚེ་སྔར་ནང་འདྲེན་བྱས་པའི་ཡི་གེ་རྣམས་བསུབས་ནས་བསྐྱར་དུ་མགོ་ནས་ནང་འཇུག་བྱེད་ཐུབ། བརྙན་ཤེལ་འདིའི་གཡས་འོག་ཏུ་ཡོད་པའི་ཚེག་རྟགས་སམ་ཤད་རྟགས་སུ་ཐུག་རེག་བྱས་ཚེ་ཚེག་ཁྱིམ་དུ་གྲུབ་པའི་ཡིག་འབྲུ་འཆར་བ་དང་སྒྲ་གདངས་གྲག  ཚེག་བར་གཅིག་ཏུ་གྲུབ་པའི་ཡིག་འབྲུ་དག་གི་རྗེས་སུ་ཤད་བརྒྱབ་ན་བྱས་རབས་བརྙན་ཤེལ་ནང་གི་ཚེག་ཁྱིམ་གཅིག་ཏུ་གྲུབ་པའི་ཡི་གེ་རྣམས་ཀློག་དུས་ཀྱི་བར་མཚམས་ཅུང་རིང་བའི་ཚུལ་གྱིས་བཀླག
         ཚེག་ཁྱིམ་གཅིག་གི་དབང་དུ་བྱས་ནས་ཁ་སྐོང་གི་འང་དང་ར་བཏགས་སོགས་ཀྱི་འོག་ཏུ་ཝ་ཟུར་སོགས་འདོགས་དགོས་ཚེ་དེའི་མཐུན་རྐྱེན་ཆ་ཚང་ཞིག་ད་དུང་བསྐོང་མི་ཐུབ་པས་རྗེས་སུ་ཡར་རྒྱས་སུ་གཏོང་རྩིས་འདུག་ལ། འདིར་བོད་ཡིག་རྣམས་ཀློག་པའི་གདངས་ནི་གསལ་བྱེད་རྣམས་རྐྱང་ཀློག་དང་ཚེག་བར་གཅིག་གི་དབང་དུ་བྱས་ནས་འདིར་བཀོད་ཡོད་པས། ཚིག་གྲོགས་ལ་བལྟོས་ནས་སྒྲའི་གདངས་ལ་འགྱུར་བ་འགྲོ་མི་ཐུབ་པ་སྟེ་དཔེར་ན་ཟླ་བ་(da wa)ལྟ་བུ་ལ་ཟླ་བ་(daba)ཞེས་པའི་སྒྲ་ཐོན།
         ༣ བྱས་རབས། History
         བྱས་རབས་བརྙན་ཤེལ་ནི་དབྱངས་གསལ་འཆར་བའི་བརྙན་ཤེལ་ནས་ནང་འདྲེན་བྱས་པའི་ཡི་གེ་རྣམས་གསོག་འཇོག་བྱས་ཡོད་པའི་བརྙན་ཤེལ་ཞིག་ཡིན། འདིརར་ཡོད་པའི་ཚེག་ཁྱིམ་དུ་གྲུབ་པའི་ཡིག་འབྲུ་བྱེ་བྲག་པ་རེ་རེའི་ཐོག་རེག་ཚེ་བྱེ་བྲག་པ་དེའི་སྒྲ་གདངས་ལ་ཉན་ཐུབ། དེ་མིན་བརྙན་ཤེལ་གྱི་གཡོན་གྱི་ཐོག་ཟུར་དུ་ཡོད་པའི་མཐེབ་གནོན་རྟགས་དེའི་ཐོག་རེག་ཚེ་བརྙན་ཤེལ་དེའི་ངོས་ན་ཡོད་པའི་ཡི་གེ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཚང་མ་ཀློག་པའི་ནུས་པ་ལྡན་པ་དང་། གཡོན་ཐོག་ཏུ་ཡོད་པའི་ཡིག་སྙིགས་སྣོད་རྟགས་སུ་རེག་ཚེ་དེའི་ནང་གང་ཡོད་ཚང་མ་གཙང་སེལ་བྱེད་ཐུབ།Editརྩོམ་སྒྲིག་རྟགས་སུ་རེག་ཚེ་རྩོམ་སྒྲིག་བྱེད་ཐུབ།
         ༤ དྲི་རྩེད། Quiz
         དྲི་རྩེད་ཅེས་པའི་བརྙན་ཤེལ་འདིས་བྱེད་ལས་ནི་བརྙན་ཤེལ་གྱི་གཡོན་དུ་ཡོད་པའི་སྒྲ་སྐྱེད་རྟགས་ཅན་ཐོག་ཏུ་ཐུག་རེག་བྱས་ཚེ་དེའི་ཐད་ཀྱི་ཡི་གེ་གང་རུང་ཞིག་གི་སྒྲ་འབྱིན་ལ། སྒྲ་དེ་གཟུགས་གང་ལ་ཐོབ་མིན་བརྟག་དཔྱད་ཀྱི་ཚུལ་གྱིས་གདམ་ག་བྱེད་ཐུབ། གལ་ཏེ་གདམ་ག་བྱས་པའི་ཡི་གེ་དེ་ནོར་ཡོད་ན་ནོར་རྟགས་དང་འགྲིག་ཡོད་ན་འགྲིག་རྟགས་རང་བཞིན་གྱིས་ཐོན། བརྙན་ཤེལ་འདིའི་གཡས་ཐོག་དུ་ཡོད་པའི་གནས་ལོག་མཐེབ་གནོན་ཐོག་ཏུ་རེག་ཚེ་གདམ་ག་བྱས་རྗེས་སུ་འཆར་བའི་ནོར་རྟགས་སམ་འགྲིག་རྟགས་རྣམས་རང་བཞིན་གྱིས་ཟུབ་ནས་ཐོག་མ་ལྟར་འཆར་སྲིད།
         མཉེན་ཆས་འདི་བེད་སྤྱོད་སྐབས་དཀའ་ངལ་སོགས་གང་འཕྲད་གཤམ་གྱི་གློག་འཕྲིན་ཁ་བྱང་བརྒྱུད་འབྲེལ་བ་གནང་ཞིང་དྲི་བ་དྲི་ཆོགtibetanreader@kawachen.org ༼རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།༽
      

    ཕྱོགས་བསྡུས་གསར་འགྱུར།