འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་གྲོལ་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་དེ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་གྲོལ་བ་རེད། ཉིན་ལྔ་རིང་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་ཁག་ལ་ཚོང་དོན་གྲོས་མོལ་རབ་དང་རིམ་པའི་ནང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།
         དེ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་ནས་ལོ་20རིང་ཨ་ཧྥེ་རི་ཁར་འཚོགས་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་དང་པོ་དེ་ཡིན་པ་དང་ཞིང་ལས་གྲོས་མོལ་དང་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་གནད་དོན་དེ་ད་ཐེངས་ཀྱི་ཚོགས་འདུའི་ཐོག་དོ་ཁུར་བྱེད་ས་གཙོ་བོར་གྱུར་ཞིང་། ཕྱོགས་ཁག་གིས་འབྲེལ་ཡོད་ལྟེ་བའི་གྲོས་འགོའི་ཐད་མི་མཐུན་པར་བརྟེན་དེ་སྔོན་ཚེས་18ཉིན་གྲོལ་རྒྱུ་གཏན་འཁེལ་བྱས་པའི་ཚོགས་འདུ་དེ་ཚེས་19ཉིན་གྱི་དགོང་མོའི་བར་ནར་འགྱངས་བྱས་པ་དང་མཐར་ཚོགས་འདུའི་ཐོག《ནེ་རོ་པིའི་པུའུ་ཀྲང་བསྒྲགས་གཏམ་》ལ་གྲོས་འཆམ་བྱས་ནས་ཨ་ཧྥེ་རི་ཁ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཞིང་ལས་ཕྱིར་གཏོང་གི་འགྲན་རྩོད་སྐོར་ཐུན་མོང་གི་ངོས་འཛིན་བྱུང་བ་དང་ཁོངས་མི་162ཀྱིས་ཐོག་མར་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང་ཁ་གསབ་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་པ་མ་ཟད་ཕྱིར་གཏོང་གི་མ་དངུལ་མཉམ་བསྲེས་རྒྱབ་སྐྱོར་དང་། སྲིང་བལ། རྒྱལ་སྤྱིའི་འབྲུ་རིགས་རོགས་སྐྱོར་སོགས་ཀྱི་ཐད་ཕྱོགས་མང་ཀྱི་སྒྲིག་ལམ་གསར་པ་བཟོས་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལུའོ་པོ་ཐོ·ཨ་ཙེ་ཝུའེ་ཏུའོ་ཡིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཞིང་ལས་ཕྱིར་གཏོང་གི་འགྲན་རྩོད་སྐོར་གྲོས་མཐུན་བྱུང་བ་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་ནས་ལོ་20རིང་ཞིང་ལས་ཁྱབ་ཁོངས་ནང་ཐོབ་པའི་གྲུབ་འབྲས་གལ་ཆེ་ཤོས་དེ་རེད་ཅེས་བརྗོད་ཆོག་ཅེས་བཤད།
         སྐབས་དེའི་ཚོགས་འདུའི་ཐོག་ད་དུང་ཉེ་བའི་ལོ་20རིང་གི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒོ་ཁྲལ་ཆག་ཡང་སྐོར་གྱི་གྲོས་མཐུན་ཐོག་མ་ཡིན་པའི་《ཆ་འཕྲིན་ལག་རྩལ་གྲོས་མཐུན་》ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་གྲོས་ཡིག་བཞག་པ་དང་གྲོས་ཡིག་ནང་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ཐོན་རྫས་སྣ་ཁ་201གི་ལོའི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.3ཟིན་གྱི་ཡོད་པ་རེད།
         དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་གྲོས་འགོའི་སྐོར་སྐབས་དེའི་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཁོངས་མི་གསར་པ་ལི་པེ་རི་ཡ་དང་ཨ་ཧྥུ་ཀ་ནི་སི་ཐན་ཞུགས་པ་རེད། དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་རྒྱལ་ཁབ་དེ་གཉིས་ཞུགས་པ་ལས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་164བར་མང་དུ་ཕྱིན་པ་དང་གྲུབ་ཆ་སྔར་བས་སྣ་མང་ཅན་དུ་གྱུར་ཡོད་པ་རེད།
         སྐབས་དེའི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཁེན་ནི་ཡའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཚོང་དོན་པུའི་པུའུ་ཀྲང་ཨ་མིན་ན·མོ་ཧན་མོ་ཏེས་ནེ་རོ་པིའི་ཚོགས་འདུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གོ་ལ་ཧྲིལ་པོའི་ཚོང་དོན་བཅོས་སྐྱོང་ཐད་ཀྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལྟེ་བའི་ནུས་པ་སྲ་བརྟན་དུ་སོང་ཡོད་ཅེས་བཤད་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ནི་རྩ་འཛུགས་དེའི་ཆེས་མཐོའི་ཇུས་འགོད་སྒྲིག་གཞི་ཡིན་པ་དང་སྤྱིར་བཏང་ལོ་གཉིས་ནང་ཐེངས་གཅིག་ཚོགས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།