འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུཌ་ཀྱིས་ཀྲུང་གོའི་རྒྱབ་
    སྐྱོར་ལ་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས་38པ་ཕ་རི་སིར་འཚོགས་པ་རེད། ན་སྨི་པི་ཡའི་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་པུའི་པུའུ་ཀྲང་གཞོན་པ་སི་ཐན་ལི·ཤི་མ་ཐ་ཉིན་དང་པོའི་ཚོགས་འདུར་ཚོགས་ཆེན་སྐབས་38པའི་ཀྲུའུ་ཞིར་བདམས་པ་དང་། ཚོགས་ཆེན་37པའི་ཀྲུའུ་ཞི་ཀྲུང་གོའི་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཧའོ་ཕིང་ལོ་གཉིས་ཀྱི་འགན་ཡུན་མཇུག་འགྲིལ་བ་རེད། འདས་ཟིན་པའི་ལོ་གཉིས་ནང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོའི་འབད་བརྩོན་དང་རྒྱབ་སྐྱོར་ལ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁས་ལེན་གང་ལེགས་བྱས་པ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ལིན་ན·པོ་ཁོ་ཝ་ཡིས། ཉིན་དེའི་འགོ་འཛུགས་མཛད་སྒོའི་ཤིས་ཚིག་ནང་། ཀྲུང་གོའི་སྐུ་ཚབ་ཧའོ་ཕིང་གིས་ཚོགས་ཆེན་37པའི་ཀྲུའུ་ཞི་གནང་རིང་། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་འབད་བརྩོན་གནང་བ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
         ཚེས་2ཉིན་པོ་ཁོ་ཝས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འདས་ཟིན་པའི་ལོ་གཉིས་ནི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེ་བའི་དུས་སྐབས་ཤིག་ཡིན་ལ། 2015ལོའི་རྗེས་ཀྱི་འཕེལ་རྒྱས་འཆར་གཞི་བཟོ་བའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད། དེའི་རིང་སྐུ་ཞབས་ཧའོ་ཕིང་གིས་ཚོགས་ཆེན་གྱི་ཀྲུའུ་ཞི་གནང་ནས། ཀྲུང་གོའི་སྲིད་གཞུང་དང་མཉམ་ལས་མང་པོ་བྱས་ཡོད་ལ། ཕྱོགས་གཉིས་པོའི་དབར་གྱི་མཉམ་ལས་ཀྱང་ཉིན་བཞིན་ཕུན་སུམ་ཚོགས་སུ་དང་གལ་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད།
         པོ་ཁོ་ཝས་འདས་ཟིན་པའི་ལོ་གཉིས་ནང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། ཀྲུའུ་ཞི་ཞིས་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོར་སྐུལ་འདེད་གཏོང་མཁན་དམིགས་བསལ་ཕོ་ཉར་གྱུར་པ་རེད། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་ཡང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་འཚམས་འདྲིར་ཕེབས་པ་དང་འབྲེལ། “དར་གོས་ལམ་བུ་དང་བློ་བཀོད་གསར་གཏོད་གྲོང་ཁྱེར”ཞེས་པའི་འགྲེམས་སྟོན་ཧ་ཅང་གལ་ཆེན་པོ་ཞིག་ཀྱང་བསྣམས་ཡོད་ཅེས་ཕྱིར་དྲན་བྱས་ནས་བཤད།
         པོ་ཁོ་ཝས་ཀྲུང་གོའི་སྐུ་ཚབ་ཧའོ་ཕིང་སློབ་གསོ་ཚན་རིག་རིག་གནས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ལས་གནས་ནས་བྲལ་རྗེས། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོའི་དབར་མུ་མཐུད་རྒྱ་ཁྱབ་ངང་མཉམ་ལས་བྱ་རྒྱུ་དང་ཕྱོགས་གཉིས་པོས་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་། ས་ཁུལ་དབུལ་པོའི་སློབ་གསོ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་ད་ཡོད་ཀྱི་གསོན་ཤུགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།