འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་སྤུས་ཀ་ལེགས་སུ་ཕྱིན་ཡང་ནང་སྐྱེས་སྒུལ་ཤུགས་
    ད་དུང་ཆེ་རུ་གཏོང་དགོས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཡང་རྩེར་གནས་པའི་བོད་ཀྱི་དཔལ་འབྱོར་རྨང་གཞི་ཞན་ཡང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་གི་ཐུགས་འཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་། སྲིད་གཞུང་གི་སྙོམས་སྒྲིག་དང་ཁྲོམ་རའི་ལམ་སྲོལ་གྱི་མཐུན་སྦྱོར་སྐུལ་འདེད་འོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་གཉིས་དཔུང་གཤིབ་མཉམ་སྐྱོད་དང་། དཔལ་འབྱོར་འཕར་ཚད་དང་སྤུས་ཚད་ཕན་ནུས་གཉིས་མཉམ་དུ་གོང་འཕེལ་བྱུང་ནས་བོད་འདི་ཉིད་ཀྱིས་སྔར་བྱུང་མ་མྱོང་བའི་མྱུར་ཚད་ཀྱི་ཐོག་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་ལ་སྙེག་བཞིན་ཡོད་པ་རེད།
         བོད་ལ་རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས་ཡུལ་སྐོར་དང་། བོད་སྨན། གཏེར་ལས། ལྗང་མདོག་བཟའ་བཅའ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་ཚོང་ལས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་ཡོད། ཡིན་ན་ཡང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་ལྷག་པར་ཏུ་འགྲིམ་འགྲུལ་དང་ནུས་རྒྱུའི་ཆ་རྐྱེན་གྱིས་རྐྱེན་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་ཡོད།
         ཉེ་བའི་ལོ་ཤས་རིང་དང་ལྷག་པར་ཏུ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཀྲུང་དབྱང་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་མཚོ་བོད་དྲ་སྦྲེལ་དང་། ལྷ་གཞིས་ལྕགས་ལམ། རྫམ་གློག་ཁང་སོགས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་སྐྲུན་ཟིན་ནས་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། ད་ཆའི་གངས་ལྗོངས་ས་མཐོར་འགྲིམ་འགྲུལ་སྔར་བས་སྟབས་བདེ་དང་གློག་ཤུགས་མཁོ་འདོན་སྔར་བས་འབེལ་པོ་བྱུང་ནས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་མཆོང་སྐྱོད་ཀྱི“གཤོག་ཟུང”བསྒར་ཡོད་པ་རེད།
         གཞན་ཡང་། བོད་ཀྱིས་ཁྲོམ་རའི་དཔལ་འབྱོར་གྱི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཐོག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཡོངས་དཔལ་འབྱོར་མ་ལག་ནང་མགྱོགས་མྱུར་འདྲེས་པ་བྱས་ཏེ་སོ་སོའི་རང་བརྟེན་ནུས་པ་སྐྱེད་སྲིང་དང་ཆེ་རུ་བཏང་ཞིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་དང་། ཡུལ་སྐོར། དྭངས་གཙང་ནུས་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན། འཐུང་ཆུ་སོགས་ཐོན་ལས་འཕེལ་རྒྱས་བྱུང་བ་དེས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུ་དང་དཔལ་འབྱོར་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
         བྱེད་ཐབས་རབ་དང་རིམ་པ་སྤེལ་བ་ལས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། 2014ལོར་བོད་ཡོངས་ཀྱི་GDPསྒོར་དུང་ཕྱུར་900ལས་བརྒལ་བ་དེ་དུས་མཚུངས་ལས་12%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས་ཡོད། འདི་ལོ་ཤར་ཚུན་བོད་ཀྱི་དཔལ་འབྱོར་གནས་བབ་ལས་ལྡོག་ནས་མུ་མཐུད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པས་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་GDP 9.8%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་རེད།
         དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་དཔལ་འབྱོར་ཁྱོན་ཡོངས་འཕེལ་རྒྱས་ཐད“བརྟན་པོའི་ཁྲོད་འཕར་བ་དང་། འཕེལ་རྒྱས་ཁྲོད་སྤུས་ཀ་ལེགས་སུ་འགྲོ་བའི”རྣམ་པ་མངོན་ཡོད། བསྡོམས་རྩིས་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། བོད་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་དེ་2010ལོའི་13.4%དང་། 32.3% 54.3%བཅས་ནས་2014ལོའི་9.9དང་། 36.6 53.5བཅས་སུ་འགྱུར་ཡོད་པ་རེད།
         ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་ལྡོག་བྱུང་། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་སོགས་ཀྱི་ས་མཐོའི་སྔོ་ཚལ་དང་། བོད་ཕག བོད་སྒོང་། སྡོང་ཕུང་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་ཐོན་ཚོང་གཉིས་ཀ་ལེགས་པོ་བྱུང་ཡོད། བསྡོམས་རྩིས་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། 2014ལོའི་ལོ་མཇུག་བར་ཏུ་བོད་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གྲངས་འབོར་101དང་ཞིང་འབྲོག་ལས་ཐོན་སྐྱེད་ཆེད་ལས་མཉམ་ལས་རྩ་འཛུགས་(རྟེན་གཞི)གྲངས་འབོར་2729ཟིན་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་བྱེད་ཚད་38.6%ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7359ཟིན་ནས་12.3%འཕར་ཏེ་ལོ་བཅུ་གཉིས་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི་98.5ཟིན་ནས་ལོ་16བསྟུད་མར་ཏུན་ཁྲི་90ཡན་ཟིན་ཡོད་པ་རེད།
         ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱས་པ། ཉེ་བའི་ལོ་འགའི་རིང་། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་དཔལ་འབྱོར་འཕེལ་རྒྱས་བསམ་ཕྱོགས་ལྟར་ཀ་རྟེན་ཐོན་ལས་(རང་བྱུང་འཐུང་ཆུ་དང་ལེགས་ལྡན་གཏེར་ལས)ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ཁྱད་ལྡན་ལེགས་ལྡན་འབུར་དུ་ཐོན་པར་བྱས་པས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱིས་གཙོས་པའི་དེང་རབས་བཟོ་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པ་རེད།
         ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ། ལྷ་སའི་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་འབྲས་སྤུངས་དགོན་པ་སོགས་དང་། དེ་བཞིན་ཧི་མ་ལ་ཡའི་རི་ཁུལ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་སོགས་བོད་ཀྱི་ས་ཁུལ་ཁག་གི་མཛེས་ལྗོངས་ཁུལ་དུ་ལོ་རེའི་ཟླ་དྲུག་པ་ནས་བཅུ་པའི་བར་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པས་བོད་ནས་འགྲོ་འོང་བྱེད་པའི་གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེ་སོགས་ཧ་ཅང་ཉོ་དཀའ་བར་གྱུར་ཡོད། བསྡོམས་རྩིས་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། 2010ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་685ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་1.4ཟིན་པ་དང་། 2014ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་204ཟིན་ཡོད་པ་རེད།
         རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་དགོས་ན་ནང་མཁོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་དང་ཕྱི་མཁོར་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ཕྱི་ནང་གཉིས་ཀ་དམ་འཛིན་བྱས་ན་ད་གཟོད་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་ཐུབ་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།