འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།“ཆེས་མཐོའི་ཁང་གཉིས”ཀྱིས་ཁྲིམས་འཛིན་འགྲེལ་བཤད་ཡོངས་བསྒྲགས་བྱས་པའི་
    ནང་ཉེས་མིང་20མང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང་མཉམ་འབྲེལ་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ནང་གཏན་འཁེལ་བྱས་པའི་ཉེས་མིང་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཁ་གསབ་གཏན་འབེབས་(དྲུག་)》ནང་ཉེས་ཁྲིམས་སྤྱོད་རྒྱུར་འཚམ་པའི་ཉེས་མིང་ཁག་གཅིག་ལ་ཁ་གསབ་བམ་བཟོ་བཅོས་བརྒྱབ་པ་དེའི་ནང་ཚབ་རྒྱུགས་ཉེས་པ་དང་ཞུ་གཏུག་རྫུས་མ་བརྒྱབ་པའི་ཉེས་པ་ཚུད་པའི་ཉེས་མིང་20མང་དུ་བཏང་ཞིང་ཐོག་མའི་ཉེས་མིང་13ལ་བཟོ་བཅོས་བརྒྱབ་པ་དང་ཐོག་མའི་ཉེས་མིང1མེད་པ་བཟོས་པ་སྟེ་ན་ཆུང་བུ་མོ་ཞང་འཚོང་དུ་བཅུག་པའི་ཉེས་པ་དེ་རེད། ཁྲིམས་འཛིན་འགྲེལ་བཤད་འདི་2015ལོའི་ཟླ་11ཚེས་1ཉིན་ནས་བཟུང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་(དགུ་)》དང་མཉམ་དུ་ལག་བསྟར་བྱས་ཡོད་པ་རེད།
         ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅའ་ཁྲིམས་དང་སྲིད་ཇུས་ཞིབ་འཇུག་ཁང་གི་འགན་འཁུར་བས་བཤད་དོན། ཉེས་དོན་གྱོད་གཞི་སྒྲུབ་སྐབས་དང་ཐོག་ཉེས་མིང་སྤྱད་འཐུས་གནད་འཁེལ་ཡོང་བ་བྱ་རྒྱུ་ནི་ཉེས་པ་ཡོད་མེད་དང་ཉེས་པ་འདི་དང་དེ་དབྱེ་བ་ནན་པོ་འབྱེད་པའི་ཐོག་མའི་ཆ་རྐྱེན་ཡིན་ལ། སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་བཅས་ལས་ཁུངས་གསུམ་གྱིས་གཅིག་གྱུར་ཐོག་ཁྲིམས་འཛིན་དང་ཁྲིམས་འཛིན་ཚད་ལྡན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་(དགུ་པ་)》ལ་གྲོས་འཆམ་བྱས་རྗེས། མང་དུ་བཏང་བའི་ཉེས་ཁྲིམས་ཁག་གཅིག་ལ་དོན་ཚན་དབྱེ་ནས་ཉེས་མིང་གཏན་འཁེལ་བྱེད་དགོས་ཤིང་། ཉེས་གསོག་གྲུབ་ཆ་གཙོ་བོ་ཁག་གཅིག་ལ་བཟོ་བཅོས་ཆེན་པོ་བརྒྱབ་པའི་དོན་ཚན་ཕྱེ་རིགས་ཀྱི་ཐོག་མའི་ཉེས་མིང་ལ་ལེགས་སྒྲིག་འོས་འཚམ་བྱེད་དགོས། གཞན་ཡང་2009ལོའི་ཟླ་8ཚེས་27ཉིན་ལག་བསྟར་བྱ་རྒྱུར་ཁྱབ་བསྒྲགས་བྱས་པའི་《བཅའ་ཁྲིམས་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་》ཀྱི་དོན་ཚན་གཉིས་པའི་ནང་ཉེས་ཁྲིམས་དོན་ཚན་ཨང་381པ་དང་ཨང་410པ་ཡི་ནང་གི“བསྡུ་སྤྱོད”ཅེས་པ་དེ“བསྡུ་བ་དང་བསྡུ་སྤྱོད”ཅེས་པར་བཟོ་བཅོས་བརྒྱབ་ནས་འབྲེལ་ཡོད་ཉེས་མིང་ལ་་མཉམ་དུ་བཟོ་བཅོས་འོས་འཚམ་རྒྱག་པའི་དགོས་པ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁྲིམས་འཛིན་འགྲེལ་བཤད་ནང་མང་དུ་བཏང་བའི་ཉེས་མིང་གསར་པ་20དེ་དག་ནི། འཇིགས་སྐུལ་བྱེད་སྤྱོད་སྤེལ་རྩིས་ཡོད་པའི་ཉེས་པ་དང་། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་དྲིལ་བསྒྲགས་བྱེད་པ་དང་འཇིགས་སྐུལ་གྱི་བྱེད་སྤྱོད་ངན་སྐུལ་དང་ལག་བསྟར་བྱས་པའི་ཉེས་པ། ཐལ་སྐྱོད་རིང་ལུགས་ལ་བརྟེན་ནས་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་གཏོར་བཤིག་བཏང་བའི་ཉེས་པ། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་་རིང་ལུགས་དྲིལ་བསྒྲགས་བྱེད་པའི་གྱོན་ཆས་དང་མཚོན་རྟགས་བཙན་ཤེད་ངང་གྱོན་པ་དང་འདོགས་སུ་བཅུག་པའི་ཉེས་པ། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་་རིང་ལུགས་དྲིལ་བསྒྲགས་བྱེད་པའི་དངོས་རྫས་འཁྱེར་བའི་ཉེས་པ། ལྟ་རྟོག་དང་ལྟ་སྐྱོང་བྱེད་མཁན་ལ་མནར་གཅོད་བཏང་བའི་ཉེས་པ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་རྫུས་མ་སྤྱད་པ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྐུ་སྤྱོད་བྱས་པའི་ཉེས་པ། ཚབ་རྒྱུགས་སྒྲིག་འཛུགས་བྱས་པའི་ཉེས་པ། ཁྲིམས་འགལ་ངང་རྒྱུགས་ཤོག་བཙོངས་པ་དང་དྲིས་ལན་མཁོ་འདོན་བྱས་པའི་ཉེས་པ། ཚབ་རྒྱུགས་ཀྱི་ཉེས་པ། ཆ་འཕྲིན་དྲ་བའི་བདེ་འཇགས་དོ་དམ་གྱི་འོས་འགན་ལག་བསྟར་མ་བྱས་པའི་ཉེས་པ། ཆ་འཕྲིན་དྲ་བ་ཁྲིམས་འགལ་ངང་སྤྱད་པའི་ཉེས་པ། ཆ་འཕྲིན་དྲ་བའི་ཉེས་གསོག་བྱེད་སྤྱོད་སྤེལ་རྒྱུར་རོགས་རམ་བྱས་པའི་ཉེས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་སྒྲིག་ལམ་དཀྲུག་པའི་ཉེས་པ། ཁྲིམས་འགལ་ངང་འདུ་འཛོམས་སྒྲིག་འཛུགས་དང་དེར་མ་དངུལ་གྱི་རོགས་རམ་བྱས་པའི་ཉེས་པ། ཆ་འཕྲིན་རྫུས་མ་བཟོས་པ་དང་རྐང་བཙུགས་ནས་སྤེལ་བའི་ཉེས་པ། ཞུ་གཏུག་རྫུས་མ་བརྒྱབ་པའི་ཉེས་པ། ཁྱབ་བསྒྲགས་བྱེད་མི་འོས་པའི་གྱོད་གཞིའི་ཆ་འཕྲིན་ཕྱིར་བསྒྲགས་བྱས་པའི་ཉེས་པ། ཁྱབ་བསྒྲགས་བྱེད་མི་འོས་པའི་གྱོད་གཞིའི་ཆ་འཕྲིན་ཕྱིར་བསྒྲགས་དང་སྤེལ་བའི་ཉེས་པ། ཤུགས་རྐྱེན་ཡོད་པའི་མིར་ལྐོག་རྔན་སྤྲད་པའི་ཉེས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།