འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་བསྐུར་ལེན་ཞིབ་བཤེར་དང་། མིང་དངོས་བཀོད་དེ་བསྐུར་ལེན། 
    འཕྲུལ་ཆས་ཀྱི་བདེ་འཇགས་ཞིབ་བཤེར་བཅས་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཉེ་དུས་《སྦྲག་བསྐུར་ཐབས་ལམ་བཅོས་སྒྲིག་དག་ཐེར་གྱི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བའི་ལག་བསྟར་ཇུས་གཞི་》(གཤམ་དུ་བསྡུས་མིང་ལ་《ཇུས་གཞི་》ཞེས་བརྗོད་རྒྱུ)འགྲེམས་སྤེལ་བྱས་ཏེ། ཉིན་དེ་ནས་བཟུང་2016ལོའི་ཟླ་3པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྦྲག་བསྐུར་ཐབས་ལམ་བཅོས་སྒྲིག་དག་ཐེར་གྱི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ནས་སྦྲག་དངོས་དང་མྱུར་སྐྱེལ་དངོས་ཟོག་སྤྱད་དེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་སྤེལ་བར་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་སྦྲག་བསྐུར་གྱི་ཐབས་ལམ་བདེ་འཇགས་དང་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།
         ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་སོགས་སྡེ་ཚན་15ཡིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི་《རྒྱལ་ཡོངས་སུ་ཉེན་ཡོད་དང་འབར་གས་སླ་བའི་སྦྲག་བསྐུར་ཟོག་འདྲེན་བཅོས་སྒྲིག་དག་ཐེར་དང་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བའི་ལས་ཀའི་ཇུས་གཞིའི་》གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། ཚད་གཞི་ནན་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་ཤུགས་ཆེར་གཏོང་བ་བཅས་བྱས་ནས“བསྐུར་ལེན་ཞིབ་བཤེར་དང་། མིང་དངོས་བཀོད་དེ་བསྐུར་ལེན། འཕྲུལ་ཆས་ཀྱི་བདེ་འཇགས་ཞིབ་བཤེར”བཅས་ཀྱི་བྱེད་ཐབས་ཁག་གསུམ་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         《ཇུས་གཞིའི་》ནང་སྦྲག་དངོས་དང་མྱུར་སྐྱེལ་དངོས་ཟོག་མིང་ངོ་མ་བཀོད་དེ་བསྐུར་ལེན་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 2015ལོའི་ཟླ་11ཚེས་1ཉིན་ནས་བཟུང་ཡི་གེ་དང་བདེ་འཇགས་འགན་ལེན་ལམ་སྲོལ་གྱི་གྲོས་མཐུན་བཞག་པའི་སྤྱོད་མཁན་གྱི་མྱུར་སྐྱེལ་དང་རང་འདེམས་སྦྲག་སྲིད་ཅུས་(རིག་ནུས་མྱུར་སྐྱེལ་ཟོག་སྒམ)སོགས་བརྒྱུད་བསྐུར་བའི་སྦྲག་དངོས་དང་མྱུར་སྐྱེལ་དངོས་ཟོག་ཕུད་ཚང་མ་དངོས་ཟོག་བསྐུར་མཁན་གྱི་ཁ་པར་ཨང་གྲངས་དང་དེ་བཞིན་འབྲེལ་ཡོད་ཐོབ་ཐང་གི་ཆ་འཕྲིན་ཞིབ་བསྡུར་བྱས་རྗེས་གཞི་ནས་བསྐུར་ཆོག བདེ་འཇགས་འགན་ལེན་ལམ་སྲོལ་གྱི་གྲོས་མཐུན་བཞག་པའི་སྤྱོད་མཁན་དཔེར་ན། གློག་རྡུལ་ཚོང་དོན་ཁེ་ལས་དང་སྤྱོད་མཁན་གཙོ་བོ་སོགས་ཀྱིས་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་བདེ་འཇགས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་གྲོས་མཐུན་བཞག་པའི་སྤྱོད་མཁན་གྱིས་ཆ་ཚང་ལ་ཡང་དག་པའི་སྦྲག་དངོས་སྐུར་ཡུལ་གྱི་ཆ་འཕྲིན་རྒྱོང་དགོས་པའི་རེ་བ་བཏོན་་པ་མ་ཟད། དུས་བཀག་ཐོག་གྲལ་བཤེར་ཞིབ་བསྡུར་བྱེད་དགོས་པ་དང་། གྲོས་མཐུན་བཞག་མེད་པའི་ཁེ་ལས་དང་ལྷག་པར་དུ་ལམ་ཟུར་དང་། རླངས་འཁོར་བབས་ཚུགས། ཨར་ཁང་། ཐང་ཆེན་སོགས་མི་སྣ་འགྲོ་འོང་ཆེ་བའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ནས་བསྐུར་ལེན་བྱེད་པའི་སྦྲག་དངོས་དང་མྱུར་སྐྱེལ་དངོས་ཟོག་ལ་སྤྱོད་མཁན་ཚོར་བསྐུར་ལེན་ཤོག་བྱང་ངམ་ཡང་ན་སྦྲག་བསྐུར་གྱི་གནས་ཚུལ་ཞིབ་ཕྲའི་ཤོག་བྱང་ཇི་མ་ཇི་བཞིན་རྒྱོང་དགོས་པའི་དྲན་སྐུལ་བྱས་པའི་ནང་དངོས་པོ་བསྐུར་མཁན་དང་ལེན་མཁན་གྱི་མིང་དང་ས་གནས། བསྐུར་བའི་དངོས་པོའི་མིང་། རིགས། གྲངས་ཚད་སོགས་ཚུད་ཡོད། དངོས་པོ་བསྐུར་མཁན་གྱི་ཁ་པར་ཨང་གྲངས་དང་དེ་བཞིན་འབྲེལ་ཡོད་ཐོབ་ཐང་གི་ཆ་འཕྲིན་ཞིབ་བསྡུར་བྱས་རྗེས་གཞི་ནས་བསྐུར་བའམ་ཡང་ན་ལེན་ཆོག ཁེ་ལས་ཁག་གིས་ཁེ་ལས་དེ་རང་གི་མིང་ངོ་མ་འགོད་པའི་བཀོལ་སྤྱོད་བརྒྱུད་རིམ་བཟོ་བ་དང་། སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་མཁན་གྱི་ཆ་འཕྲིན་གསང་བ་དང་བདེ་འཇགས་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་གསལ་པོ་བཀོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།