འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ས་གནས་ཁག་ཏུ་རྒན་བཀུར་རྒན་གཅེས་རྒན་རོགས་ཀྱི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁྲིམས་གཏན་འཁེལ་བའི་རྒན་རྒོན་དུས་ཆེན་ཐེངས་གསུམ་པ་འཆར་ཉེའི་མཚམས་སུ“རྒན་བཀུར་གྱི་ཁྱིམ་སྲོལ་གཏོད་པ་དང་འཆམ་མཐུན་ཁྱིམ་ཚང་བསྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱེད་པའི་2015ལོའི་རྒྱལ་ཡོངས་ཀྱི“བསྙེན་བཀུར་ཟླ་བའི”བྱེད་སྒོ་ཉེ་དུས་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྒྱལ་ཡོངས་ཀྱི་རྒན་རྒོན་གཞུང་ལས་ཁང་ནས་བྱུང་བའི་ཆ་འཕྲིན་ནས་མངོན་པ་ལྟར་ན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམིགས་ནས་རྒན་བཀུར་དང་། རྒན་གཅེས། རྒན་རོགས་བཅས་ཀྱི་བྱེད་སྒོ་གོ་སྒྲིག་ཚགས་ཚུད་ཀྱིས་རྒྱ་ཆེའི་རྒན་རྒོན་ཚོར་ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཀྱི་སེམས་ཁུར་དང་དྲོ་སྐྱིད་མཚོན་པར་བྱས་ཡོད་པ་རེད།
         “བསྙེན་བཀུར་ཟླ་བའི”བྱེད་སྒོ་སྤེལ་རིང་པེ་ཅིང་གྲོང་ཁྱེར་གྱིས་མི་ཁྲི་ལ“སྲི་ཞུ་སྒྲུབ་མཁན”གྱི་མིང་འདོགས་པ་སོགས་སྣ་མང་ཕུན་སུམ་ཚོགས་ཤིང་རང་སོའི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཁག་326སྤེལ་ཡོད། 2010ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་མིང་ཐོག་ནས་ལོ་ལྟར་གྲོང་ཁྱེར་དེ་ཡོངས་སུ“སྲི་ཞུ་སྒྲུབ་མཁན”གྱི་མིང་འདོགས་པའི་བྱེད་སྒོ་སྤེལ་གྱི་ཡོད་པས་ད་བར་མི་གྲངས་50000ལ“སྲི་ཞུ་སྒྲུབ་མཁན”གྱི་མིང་བཏགས་ཡོད། འདི་ལོ་དམངས་བྱིངས་ཀྱི“ཕ་མར་སྲི་ཞུ་ཕྲན་བུ་སྒྲུབ་པའི་བྱ་སྤྱོད”སྤེལ་ནས་གྲོང་མིར་ཉེ་འགྲམ་གྱི་སྲི་ཞུ་སྒྲུབ་མཁན་དང་རང་ངོས་ཀྱི་སྲི་ཞུ་སྒྲུབ་མཁན་ཤེས་རྟོགས་དང་བརྒྱུད་སྤེལ་གང་ལེགས་ཐུབ་རྒྱུའི་འབོད་སྐུལ་བྱས་ནས་ཉེ་འགྲམ་གྱི“སྲི་ཞུ་སྒྲུབ་མཁན”འོས་སྦྱོར་ཧུར་ཐག་བྱས་པས་གྲོང་ཁྱེར་དེ་ཡོངས་སུ་མི་ཚང་མས་སྲི་ཞུར་སྣང་ཆེན་དང་མི་ཚང་མས་སྲི་ཞུ་སྒྲུབ་པ་མ་ཟད། མི་ཚང་མས་སྲི་ཞུ་སྒྲུབ་གང་ཐུབ་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱས་ཡོད། ཨན་ཧུའེ་ཞིང་ཆེན་གྱིས་ཞིང་ཆེན་རྒན་རྒོན་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དང་ཞིང་ཆེན་རྒན་རྒོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་གཉེར་ནས“ལོ་བརྒྱ་ལ་སོན་པའི་རྒན་རྒོན་ལ་བཀྲ་ཤིས་སྨོན་འདུན་ཞུ་བའི་བྱེད་སྒོ”སྤེལ་ནས་རྒན་རྒོན་ཚོའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།
         ཧྲའན་ཤིས་ཀྱིས་ས་ཆ་མང་པོར་འཚམས་འདྲི་དང་དྲོ་སྐྱིད་མཚོན་པའི་བྱེད་སྒོ་སྤེལ་ནས་གཙོ་བོ་དབུལ་པོ་དང་། ལོ་རྒན། ཁང་སྲུང་། ལས་ནུས་ཤོར་བ། མི་ཧྲེང་དུ་གྱུར་པ་བཅས་ཀྱི་རྒན་རྒོན་ལ་འཚམས་འདྲི་བྱས་པས་རྒན་རྒོན་2000ལ་ཕན་པ་ཐོབ་ནས་མི་རེར་འཚམས་འདྲིའི་དངུལ་སྒོར་1000རེ་སྤྲད་པ་རེད།
         ཡུན་ནན་ཞིང་ཆེན་རྒན་རྒོན་གཞུང་ལས་ཁང་གིས་ཡུན་ནན་ཞིང་ཆེན་གྱི་རྒན་བཀུར་གྱི་སྤྱི་ཕན་གློག་བརྙན་ཐོག་མ་《སྤོ་བོ་ལགས་ཀྱི་ཁ་པར་》ཞེས་པ་པར་རྒྱག་སྒྲིག་འཛུགས་བྱས་པ་དང་གོང་ནས་འོག་བར་ཡུན་ནན་ཞིང་ཆེན་གྱི་སྐབས་བདུན་པའི“ཡུན་ལིང་གི་སྲི་ཞུ་སྒྲུབ་མཁན་ལེགས་གྲས་བཅུ”དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད།
         རྒྱལ་ཡོངས་རྒན་རྒོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཡུས་ཧྲའོ་ཡིས། རྒན་རྒོན་ཚོ་ཚེ་མཇུག་བདེ་སྐྱིད་དཔལ་ལ་རོལ་ཐུབ་པ་བྱེད་པར་སྲིད་གཞུང་གིས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ཀྱིས་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་དགོས་ལ། དེ་བས་ཀྱང་རྒན་རྒོན་ཚོས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།