འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་གནས་མཇལ་བར་སྣེ་ལེན་ཞུ་བའི་ཀྲུང་གོའི་བོད་ཀྱི་རྣ་ཐོས་ལའི་ལས་དོན་
    ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་གྱི་སྔ་དྲོ་རྒྱ་གར་གྱི་གནས་མཇལ་བ་51ཀྲུང་གོའི་བོད་ཀྱི་རྣ་ཐོས་ལའི་ས་མཚམས་ནས་བདེ་བླག་ངང་ཐོན་པ་ལས། འདི་ལོའི་རྒྱ་གར་གྱི་གནས་མཇལ་བར་སྣེ་ལེན་ཞུ་བའི་རྣ་ཐོས་ལའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་མཚོན་གྱི་ཡོད།
         ཟླ་6ཚེས་22ཉིན་རྒྱ་གར་གྱི་གནས་མཇལ་བ་ཁག་དང་པོ་རྣ་ཐོས་ལ་བརྒྱུད་དེ་བོད་ཀྱི་མངའ་ཁོངས་སུ་གནས་མཇལ་དུ་སླེབས་པ་དང་། རྒྱ་གར་གྱི་གནས་མཇལ་བ་བོད་དུ་སྐྱོད་པའི་ལམ་ཐིག་གསར་པ་དངོས་སུ་ཤར་གཏོང་ཐུབ་ཡོད་པ་རེད།
         རྣ་ཐོས་ལ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་མངའ་ཁོངས་སུ་གནས་པ་དང་། རྣ་ཐོས་ལའི་མཐོ་ཚད་ལ་སྨི་4318ཙམ་ཡོད་པ་ནི་ཀྲུང་གོ་དང་རྒྱ་གར་གྱི་སྐམ་ལམ་ཉོ་ཚོང་སྦྲེལ་མཐུད་ཀྱི་འགྲོ་ལམ་ཐུང་ཤོས་དེ་རེད་ལ། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་སྐམ་ལམ་ཉོ་ཚོང་གི་འགྲོ་ལམ་དེའང་རེད།
         2014ལོར་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོས《འཕེལ་རྒྱས་རོགས་ཟླའི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་དང་། གསལ་བསྒྲགས་ནང་རྒྱལ་ཁབ་གཉིས་པོའི་ཆོས་ལུགས་སྤེལ་རེས་ལ་སྔར་བས་སྐུལ་མ་གཏོང་བ་དང་། རྒྱ་གར་གྱི་གནས་མཇལ་བར་སྟབས་བདེ་སྐྲུན་ཆེད། ཀྲུང་གོ་ཕྱོགས་ཀྱིས་རྣ་ཐོས་ལ་བརྒྱུད་དེ་གནས་མཇལ་དུ་སྐྱོད་པའི་ལམ་ཐིག་མང་དུ་གཏོང་རྒྱུའི་ཐག་བཅད་པ་བསྟན་ཡོད་པ་རེད།
         བོད་ལྗོངས་གྲོ་མོ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཝུན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཁག་ལྔ་ལ་བགོས་པའི་རྒྱ་གར་གྱི་གནས་མཇལ་བ་ཁྱོན་240རྣ་ཐོས་ལ་བརྒྱུད་དེ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་མཇལ་བར་བསྐྱོད་པ་རེད།
         རྒྱ་གར་རྡི་ལི་གསར་པ་ནས་སླེབས་པའི་གནས་མཇལ་བ་ལ་ཝུའེ་ཏེ་·ཁུའུ་མའར་·ཤའར་མ་ཡིས“ད་རེས་ཡུན་རིང་རེ་སྒུག་བྱས་པའི་བླ་རི་དང་བླ་མཚོ་མཇལ་ཐུབ་ནས་ཚེ་གང་གི་ཕུགས་འདུན་གྲུབ་སོང་། ཀྲུང་གོ་སྲིད་གཞུང་གི་སྤྲོ་སེམས་འཁོལ་བའི་ཞབས་ཞུ་དང་སྣེ་ལེན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།
         རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེ་གཡོད་ཁྲེང་གིས་སྔོན་ཆད་དང་བསྡུར་ན་ལམ་ཐིག་གསར་པ་སྔར་བས་བག་ཕེབས་དང་། སྟབས་བདེ། བདེ་འཇགས་བཅས་ཡོད། ཀྲུང་གོས་རྣ་ཐོས་ལའི་འགྲོ་ལམ་གྱི་སྒོ་མོ་ཕྱེ་རྗེས་གནས་སྐོར་ལམ་ཐག་ཉིན་8ནས་10བར་ཉུང་དུ་ཕྱིན་པ་དང་དུས་ཡུན་ཐུང་དུ་ཕྱིན་ཡོད། དེའི་ཐོག་ནས་རྒྱ་གར་གྱི་ལོ་ན་རྒན་པ་དང་གཟུགས་པོ་ཅུང་ཞན་པའི་གནས་མཇལ་བ་སྔར་བས་མང་བ་གནས་མཆོག་ཏུ་བསྐྱོད་པའི་གོ་སྐབས་བསྐྲུན་ཡོད་པའི་ངོས་འཛིན་བྱས་པ་རེད།
         འདི་ལོ་ལོ་70ལ་སོན་པའི་འ་མ་ན་གྲོང་ཁྱེར་མོང་མའེ་ནས་སླེབས་པ་དང་གནས་མཇལ་བ་ཁག་དང་པོའི་ཁྲོད་ནས་ལོ་མཐོ་ཤོས་རེད། “ད་རེས་རང་ཉིད་བོད་ཀྱི་བླ་རི་དང་བླ་མཚོར་གནས་མཇལ་དུ་ཡོང་ཐེངས་དང་པོ་ཡིན་ལ་མཐའ་མཇུག་དེའང་ཡིན་སྲིད། ཀྲུང་གོ་སྲིད་གཞུང་གིས་ང་ཚོར་གོ་སྐབས་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་འ་མ་ནས་བརྗོད་བྱུང་།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཞིབ་འཇུག་སུའོ་ཡི་ཀྲུང་གོ་དང་རྒྱ་གར་འབྲེལ་བའི་རིགས་གཅིག་མཁས་ཅན་དབྱང་ཞའོ་ཕིང་གིས་ད་རེས་བཏོད་པའི“གནས་མཇལ་ཕྱི་འབྲེལ”གྱིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་འགྲོ་འོང་དང་རིག་གནས་སྤེལ་རེས་ལ་ཕན་ཐོགས་ཡོད་ཅེས་བརྗོད་བྱུང་།
         “རྣ་ཐོས་ལའི་ལམ་ཐིག་གསར་པ་དེ་ནི་གནས་མཇལ་ལམ་ཐིག་སྟབས་བདེ་ཁོ་ན་མིན་པར། དེ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་སྒྲོག་ཐག་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་འབྲེལ་གཏུག་གི་སྦྲེལ་ཟམ། རྒྱལ་ཁབ་གཉིས་པོ་ཕྱོགས་ཡོངས་ནས་མཉམ་ལས་བྱེད་མགྱོགས་སུ་གཏོང་བའི་མྱུར་བགྲོད་འཁོར་ལམ་ཞིག་ཀྱང་རེད”ཅེས་ལེ་གཡོད་ཁྲེང་གིས་བརྗོད་ཅིང་། ཁོང་གིས་འབྱུང་འགྱུར་རྒྱ་གར་གྱི་གནས་མཇལ་བ་མང་པོ་བོད་དུ་གནས་མཇལ་དུ་ཡོང་རྒྱུ་དེས་ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བ་གོང་འཕེལ་གྱི་དྲང་ནུས་ཆགས་རྒྱུ་ཡིན་ལ། དམངས་འདོད་ཀྱི་མཛའ་མཐུན་རྨང་གཞི་བརྟན་པོ་ཞིག་ཀྱང་འདིང་རྒྱུ་རེད་ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།