འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འགོ་འཛུགས་ས་གསར་པའི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་
    མཐའ་འཁྱོངས་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    ——རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ ཆེན་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོ་ཞུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྲོ་སེམས་ཀྱིས་ཁེངས་པ་དང་། འཐབ་སེམས་ཆེར་སྐྱེད། ལས་དོན་ཏན་ཏིག་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོ་བསུ་བཞིན་པའི་སྐབས་སུ་རང་སྐྱོང་ལྗོངས་ཀྱིས་ཚོགས་ཆེན་འཚོགས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
          1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དེ་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་དངོས་སུ་བཙུགས་པ་མཚོན་པ་དང་། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། བོད་མི་དམངས་དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་ཅན་གྱི་གཉའ་གནོན་ལས་ཐར་བ། རང་ཐག་རང་གཅོད་ཀྱི་དུས་རབས་གསར་པར་སླེབས་པ་བཅས་རེད། 1979ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་པོ་སྟེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བས་རང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་པ་རེད།
         ལོ་50ཡི་རིང་དང་ལྷག་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་36རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཨུད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་བསྟུན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་ཁྲིམས་ལྟར་སྒྲུབ་པ། འགན་ནུས་འདོན་སྤེལ་གང་ལེགས་དང་ཕན་འབྲས་ལྡན་པའི་སྒོ་ནས་ལས་དོན་སྒྲུབ་པ་བཅས་བྱས་པས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་50དེ་དག་ནི་དམངས་གཙོ་དང་ཆབ་སྲིད་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་མི་དམངས་ཀྱི་རང་ཐག་རང་གཅོད་འགན་སྲུང་བྱུང་བའི་ལོ་50དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པའི་ལོ་50 མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དམངས་འདོད་ཧུར་ཐག་ཞུ་བ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་པའི་ལོ་50 མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་འགན་འཁྲི་སྒྲུབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་ལོ་50བཅས་རེད།
         ལོ་50རིང་གི་གསོན་ཉམས་ལྡན་པའི་ལག་ལེན་ལས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་རང་ཐག་རང་གཅོད་ལ་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འགན་སྲུང་བྱེད་པ་བཅས་ཀྱི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་པ་ལག་ལེན་གྱིས་ར་སྤྲོད་གང་ལེགས་བྱུང་བ་དེར་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་དང་སྐྱེ་སྟོབས་ཆེན་པོ་ལྡན་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་ག་ཞིག་རེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་འགན་སྲུང་གང་ལེགས་བྱས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་བརྩིའི་བསམ་པ་དང་། གདེང་ཚོད་ཀྱི་བསམ་པ། སྤོབས་སེམས་བཅས་འཕེལ་བ་དེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཐད། ནུས་པ་ཧ་ཅང་ཆེན་པོ་བཏོན་པར་བརྟེན། མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་གི་བརྩི་བཀུར་ཐོབ་ཡོད།
         མིག་སྔར་རང་ལྗོངས་ཀྱི་གོང་འོག་ཚང་མར་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྣོད་བཅུད་ལེགས་པ། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་མི་རྣམས་དགའ་བ་སྐྱེ་འོས་པའི་རྣམ་པ་ཐོན་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་པ་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གནང་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་མི་དམངས་འཐུས་ཚོགས་ལས་དོན་གྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཆེ་བ་ཞིག་ཡོད། ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ཨུད་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་རྩ་དོན་བཅས་སྔ་ཕྱི་བར་གསུམ་དུ་བརྟན་པོ་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཞི་མཐུན་དང་བཅའ་ཁྲིམས་མ་ལག་གི་ནང་ཁུལ་གཅིག་མཐུན་འགན་ལེན་བྱེད་དགོས་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དབང་ཆའི་རྒུད་སྐྱོབ་དང་། དབང་ཁོངས་གཏན་འཁེལ་གྱིས་རྩོད་གཞི་མཚམས་འཇོག སྤྱི་པའི་དབང་ཆ་ཚོད་འཛིན། སྤྱི་ཚོགས་དྲང་གཞག་དྲང་བདེན་བཅས་ཀྱི་ཁྲིམས་འཛིན་གྱི་གཞི་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལྟར་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྲིད་འཛིན་དབང་ཆ་དང་། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཡང་དག་སྤྱོད་རྒྱུའི་འགན་ལེན་བྱེད་དགོས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་པའི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། མི་དམངས་འཐུས་ཚོགསཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། མི་དམངས་འཐུས་ཚོགས་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་རེད།
         འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་ལྟ་སྐབས། ང་ཚོར་སྤོབས་པ་ཆེན་པོ་སྐྱེ་ཞིང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོར་ལས་འགན་ལྕི་ལ་ལམ་ཐག་རིང་བའི་ཚོར་སྣང་ཟབ་མོ་ཡོང་གི་འདུག ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་པ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ལ་མཐའ་འཁྱོངས་བྱེད་པ། མཐུན་སྒྲིལ་གཅིག་མཐུན་དང་དཀའ་སྤྱད་འབད་འཐབ། སྒྱུར་བཅོས་གསར་གཏོད་དང་ལས་དོན་ཏན་ཏིག་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་རྩོམ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།