འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གེགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༣ཉིན་གྱི་དགོང་མོའི་ཆུ་ཚོད་༨ཀྱི་བར་སི་ཁྲོན་དར་མདོའི“༡༡·༢༢”ས་ཡོམ་ནང་མི་5རྐྱེན་ལམ་དུ་སོང་བ་དང་མི་༥༤རྨས་སྐྱོན་ཕོག་པ་མ་ཟད། དར་རྩེ་མདོ་དང་། རྟའུ། རོང་བྲག བརྒྱད་ཟིལ། ལྕགས་ཟམ་ཁ། ཉག་ཆུ་བཅས་རྫོང་༦དང་ཤང་དང་གྲོང་རྡལ་༥༥ལ་གནོད་འཚེ་ཚབས་ཆེན་ཕོག་ཅིང་། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་༧.༩ལྷག་ཙམ་ཟིན་ཡོད། ད་ཆ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
         ཟླ་༡༡ཚེས་༢༣ཉིན་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་དར་མདོ་རྫོང་ལྷ་སྒང་ཤང་རྡོ་ར་གྲོང་ཚོ་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་འདི་གར་ལས་ཀ་བྱེད་བཞིན་ཡོད་པ་དང་། བཀོད་འདོམས་པུའི་འགྲམ་དུ་གནས་པའི་དམངས་སྲིད་པུའི་དངོས་ཟོག་སྤྲོད་སར་གེགས་སྐྱོབ་ཀྱི་གུར་མང་པོ་འབྱོར་ཟིན་པ་མ་ཟད། ད་དུང་སྲིང་བལ་ཉལ་ཆས་དང་སྲིང་བལ་བར་འཚང་གི་གོས་སོགས་དགུན་སྐྱེལ་དངོས་ཟོག་བཞག་ཡོད་པ་དང་དམངས་སྲིད་པུའི་ལས་དོན་པས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱིས་དབོར་ཡོང་བའི་སྟབས་བདེའི་ཐུག་པ་སོགས་རྩིས་བཤེར་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། དེས་མ་ཚད་གསར་འགོད་པས་རྡོ་ར་གྲོང་ཚོའི་ས་ཆ་ཁག་ཏུ་བཅར་འདྲིར་བསྐྱོད་སྐབས་ལག་ཁྱེར་ཁ་པར་གྱི་བརྡ་རྟགས་རྒྱུན་གཏན་ལྟར་ཡོད་ལ་སྒུལ་བདེ་དང་གློག་འཕྲིན་གྱི་འཕྲལ་སྡོམ་འགན་ལེན་རླངས་འཁོར་ཡུལ་དེར་ལས་ཀ་བྱེད་བཞིན་ཡོད་པ་དང་གློག་ཤུགས་འགན་ལེན་ཡང་གྲ་སྒྲིག་ཨང་བསར་བྱས་ཡོད་པ་ཤེས་བྱུང་།
         ད་ཆ་ས་ཡོམ་རྒྱག་ཁུལ་དུ་སྨན་བཅོས་རུ་ཁག་༡༡ཡོད་པ་དང་། ཞིང་ཆེན་དང་། ཀྲོའུ(གྲོང་ཁྱེར)རྫོང་བཅས་ཀྱི་སྨན་བཅོས་མི་སྣ་༨༨༦དང་འཕྲོད་བསྟེན་ནད་ཡམས་སྔོན་འགོག་གི་ལས་དོན་པ་༡༠༤སྨན་བཅོས་སྲོག་སྐྱོབ་ནང་ཞུགས་ཡོད། སྨན་བཅོས་འཕྲལ་སྡོམ་རུ་ཁག་ཁག་ཀྱང་རོགས་སྐྱོབ་ས་ཚིགས་ཏུ་རོགས་སྐྱོབ་དང་ནད་ཡམས་སྔོན་འགོག་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།