འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རིགས་ལས་དོན་ཚོགས་འདུ་དང་2014ལོའི་མི་རིགས་མཐུན་སྒྲིལ་
    ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་ལྗོངས་ཀྱི་མི་རིགས་ལས་དོན་ཚོགས་འདུ་དང་2014ལོའི་མི་རིགས་མཐུན་སྒྲིལ་
ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ཚོགས་འདུ་དང་2014ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད།
         རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་2014ལོའི་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་གནང་བ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས《〈དུས་རབས་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར(གྲོས་བསྡུར་ཟིན་བྲིས)》ཐད་གསལ་བཤད་གནང་བ།རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་དེ་བཞིན་ཞུས་ཡུང་དང་།མགོན་པོ་བཀྲ་ཤིས།ཆེ་དགྲ་ལྷ།ནོར་བུ་དོན་གྲུབ།ལེའང་ཐེན་ཀེང།ཝང་རུའེ་ལེན།ཝང་གཡུང་ཅུན་བཅས་ཚོགས་འདུར་ཕེབས་པ་དང་ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
           ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་།ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་།སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ།བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ།དྲག་ཆས་ཉེན་རྟོག་དཔོན་དམགསྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
          བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་འདི་ཉིད་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་དུས་མཚམས་དང་།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་དུས་མཚམས་གལ་ཆེན།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་བཅས་སུ་སླེབས་ཡོད།དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་སྔར་བས་གལ་ཆེན་ལྡན་ཡོད།གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་འདྲེན་རྟེན་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་གཞིར་བཟུང་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་ཡང་དག་ཐོག་སྐྱོད་དགོས།མི་རིགས་ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་།མེས་རྒྱལ་གཅིག་གྱུར།མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་བྱེད་པ་དང་།ཁ་ཕྲལ་ལ་ངོ་རྒོལ་བྱེད་པ།མི་སེམས་ཐོབ་པ་བྱེད་པ་བཅས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཏུ་བརྩིས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བྱེད་དགོས།གཉིས་ནས་མི་རིགས་མཐུན་སྒྲིལ་དེ་རྨང་གཞིར་བྱས་ནས་བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་པའི་བོད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་ཆེ་བ་འཁུར་བ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ“ཁ་འབྲལ་ཐབས་མེད་པ་གསུམ”མཐའ་འཁྱོངས་བྱེད་པ་དང་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པ་དེ་ཆབ་སྲིད་ཆེ་ཤོས་ཤིག་ཡིན་ལ་འགྲན་སློང་མི་རུང་བའི་ཆབ་སྲིད་ཀྱི་མ་མཐའི་མཚམས་ཐིག་ཅིག་ཀྱང་རེད།མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་སྡོད་དང་།མཉམ་སྦྱོང་།མཉམ་ལས།མཉམ་རྩེད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།གསུམ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དེ་རྨང་གཞིར་བྱས་ནས་བློ་བརྟན་འགྱུར་མེད་ངང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་དགོས།འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་ཁག་ཐག་གཅོད་བྱེད་པའི་འགག་རྩའི་ལྡེ་མིག་ཅིག་ཡིན་པ་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་དོན་ལ་བབ་ས་རེད་ལ་དེང་སྐབས་རང་ལྗོངས་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་དང་རྨང་གཞིའང་རེད།དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་དེ་ཁུར་ཕོད་པ་བྱས་ནས་ཕུགས་ལ་བསམ་བློ་གཏོང་བ་དང་།རྨང་གཞི་འདིང་བ།དཀའ་སྒྲུབ་དངོས་སྒྲུབ་བཅས་བྱས་ནས་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་མུ་མཐུད་བྱས་རྗེས་འཇོག་དགོས།བཞི་ནས་མི་སེམས་ཐོབ་པ་བྱ་རྒྱུ་དེ་གཞི་རྩར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་དགོས།མང་ཚོགས་ཆེད་དོན་དངོས་ཏན་ཏིག་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་།རྒྱལ་ཁབ་བདེ་འཇགས་གཅིག་གྱུར་བཅས་ཀྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཐུན་མོང་ཐོག་བརྟན་པོ་འདིང་དགོས།ལྔ་ནས་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུ་དེ་ལྟེ་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།མི་རིགས་ཁག་དབར་སྤེལ་རེས་དང་།འགྲོ་འོང་།མཉམ་འདྲེས་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁག་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།དྲུག་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུ་དེ་འགན་ལེན་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་བྱེད་དགོས།ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་།རྩ་ཁྲིམས་ཀྱི་དབང་གྲགས་དང་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ།ཁྲིམས་ལྟར་མི་རིགས་ལས་དོན་ལ་དོ་དམ་བྱེད་པ།ཁྲིམས་ལྟར་མི་རིགས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་བྱེད་དགོས།ལས་བྱེད་པ་དང་མང་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་དང་སློབ་གསོ་རྒྱ་ཁྱབ་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།བདུན་ནས་སྤྱི་ཚོགས་བརྟན་ལྷིང་དེ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་།རྒྱལ་ཁབ་བདེ་འཇགས།བོད་ལྗོངས་ཞི་མཐུན་བཅས་སྲུང་སྐྱོང་བྱེད་དགོས།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆེ་ཤོས་ཡིན།ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་བོད་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་།རྙོག་འཛིང་རང་བཞིན།རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་དང་།སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་དོན་དངོས་རང་བཞིན་དང་།དཀའ་ཚེགས་རང་བཞིན།དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་།འཐབ་ཇུས་རང་བཞིན།རྨང་གཞིའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བཅས་བྱས་ཏེ“ལས་གནས་གཅིག་ལ་འགན་འཁྲི་གཉིས”དེ་རང་རྟོགས་ངང་ཁུར་བ་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་འགན་ལེན་བརྟན་པོ་བྱེད་དགོས་ཞེས་གསུངས་པ་རེད།
    ༄༅།།བོད་ལྗོངས་ཀྱི་མི་རིགས་ལས་དོན་ཚོགས་འདུ་དང་2014ལོའི་མི་རིགས་མཐུན་སྒྲིལ་
ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།