འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱད་ལྡན་སྐྱེ་དངོས་ཞིང་འབྲོག་པ་ཕྱུག་པོ་ཆགས་པར་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། “ཆུང་དུས་ཤིང་འབྲས་སུ་བརྩིས་ནས་ཟ་བའི་ཉུང་མ་ད་ཆ་སྨན་ནུས་ལྡན་པའི་བཏུང་བྱར་ལས་སྣོན་བྱེད་པ་མ་ཟད། ད་དུང་དེས་ཁྱིམ་དར་ཕྱུག་པོར་འགྱུར་བ་ནི་བསམ་ཡུལ་ལས་འདས་སོང”ཞེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་ཟས་མདའ་གྲོང་ཚོའི་ཉུང་མ་འདེབས་འཛུགས་དུད་ཚང་རིག་འཛིན་གྱིས་ཉུང་མའི་བཏུང་བྱ་ཧུབ་དང་པོ་དེ་འཐུང་བཞིན་ཧང་སངས་པའི་སྒོ་ནས་བཤད།
              མི་རིང་བའི་གོང་། “བོད་ཡུལ་གསང་ཆབ”སྣ་ཁ་གསར་པའི་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་ཝུན་ཤིང་ཀོང་ཇོ་དངོས་ལྗོངས་ཟློས་གར་འཁྲབ་ཡུལ་དུ་འཚོགས་པ་དང་། རིག་འཛིན་གྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཚོགས་འདུར་ཞུགས་པ་རེད། ཁོང་གི་ངོས་ནས་བརྗོད་ན་དྲན་གསོ་བྱེད་རིན་ཡོད་པའི་དུས་ཚོད་དེའི་དཔང་པོ་བྱེད་དགོས་ཀྱི་ཡོད། བོད་དུ་ཕྱིའི་བཟོ་ལྟ་ལ་ཕུག་དང་འདྲ་བའི་སྐྱེ་དངོས་ཤིག་ཡོད་པ་དེར་ཉུང་མ་ཟེར་བ་དེ་ས་བབ་མཐོ་ཚད་སྨི་3000ཡན་དུ་སྐྱེ་བའི་གནའ་བོའི་སྐྱེ་དངོས་ཤིག་རེད། དེ་ཉིད་ཐད་ཀར་ཟ་ཆོག་ལ་བརྔས་ནས་བཟས་ནའང་འགྲིག བོད་ལུགས་གསོ་རིག་གི་《རྒྱུད་བཞིའི་》ནང་། ཉུང་མའི་རོ་མངར་ལ་འཇུ་བདེ་བ་ཞིག་ཡོད་པས་ཚ་སེལ་དུག་འཇོམས་དང་། འཚོ་བཅུད་གསབ་ཐུབ་པ། གསོ་རླུང་མཁོ་སྤྲོད་ཐུབ་པ་བཅས་ཀྱི་ནུས་པ་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།
            ཉུང་མ་ནི་མི་དང་ཕྱུགས་རིགས་ཚང་མས་ཟ་ཆོག་པ་དང་ལྷ་སའི་ཆུ་ཤུར་རྫོང་གི་རྒྱུད་དུ་འདེབས་ཀྱི་ཡོད། རིག་འཛིན་ཁྱིམ་གྱིས་རྟུན་དུ་ནས་དང་ཞོག་ཁོག་གཙོ་བོ་བཏབ་ཀྱི་ཡོད་ལ་ཉུང་མའང་ཕྲན་བུ་བཏབ་ཀྱི་ཡོད། “ཆུང་དུས་ས་གནས་དེ་གར་ཐོན་ཁུངས་དཀོན་པས་ཉུང་མ་བཏབ་ནས་ཤིང་འབྲས་ལ་བརྩིས་ཏེ་ཕྲུ་གུ་ཚོར་སྟེར་གྱི་ཡོད། དགུན་དུས་སུ་གཟན་རྩྭ་མི་འདང་བའི་སྐབས་ཉུང་མ་སྐམ་པོ་ཕྱུགས་རིགས་ལ་སྟེར་གྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཉུང་མའི་ཐོན་རྫས་ལས་སྣོན་བྱེད་པ་མ་ཟད་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་ཅེས་བཤད།
            ད་ཆ་རིག་འཛིན་ཁྱིམ་གྱི་ས་ཞིང་མུའུ་6ལ་ཉུང་མ་འདེབས་ཀྱི་ཡོད་ཅིང་། ཁོང་གིས་ཉུང་མ་ལོ་གཅིག་ལ་ཐེངས་གཉིས་སྨིན་གྱི་ཡོད་པས་ལོར་ཐོན་འབབ་བསྡོམས་རྒྱ་མ་ཁྲི་4ཙམ་ཡོང་གི་འདུག་ལ། ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཉིས་ཙམ་ཡོང་གི་འདུག་པས་ཉུང་མ་ལས་ང་ཚོའི་ཁྱིམ་ཚང་ཕྱུག་པོ་ཆགས་ཐུབ་སོང་ཞེས་བཤད།
            གསར་སྤེལ་ཚོང་པ་དང་གཞི་ཁྱོན་ཅན་གྱི་ཉུང་མ་འདེབས་པའི་ཚོད་ལྟའི་རྟེན་གཞིའི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ངོ་སྤྲོད་བྱས་པར་ཆུ་ཤུར་འདི་ཉིད་ཉུང་མ་འདེབས་འཛུགས་ཀྱི་རྫོང་ཆེན་ཞིག་ཡིན་པའི་ངོས་ནས་ཞིང་དུད་ཚོད་ཉུང་མ་འདེབས་པའི་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ལ་ཐོན་འབབ་ཀྱང་ཡག་པོ་ཡོད། ང་ཚོས་ཞིང་དུད་ཚོར་སྤུས་ལེགས་ཉུང་སོན་མཁོ་འདོན་བྱེད་པ་དང་ཆབས་ཅིག ད་དུང་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་མཛུབ་ཁྲིད་བྱེད་པ་དང་མཇུག་ཏུ་ཞིང་དུད་ཚོར་ཉུང་མ་བསྡུ་རོགས་ཀྱང་བྱེད་ཀྱི་ཡོད་ཅེས་བཤད།
              བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ས་གནས་དེ་གའི་བསྐྱར་སྐྱེའི་ཁྱད་ཆོས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་གཞིས་ཚུགས་པ་དང་ལྗོངས་ཕྱི་ནང་གི་ཁྲོམ་ར་ཆེ་གྲས་ཁག་ལ་དམིགས་ཏེ་ཐོན་སློབ་ཞིབ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཉུང་མས་ས་མཐོར་མི་འཕྲོད་པ་སེལ་ཐུབ་པའི་ནུས་པ་སྔོག་འདོན་བྱས་ནས“བོད་ཡུལ་གསང་ཆབ”རིགས་ཀྱི་ཐོན་རྫས་གསར་སྤེལ་ཐོན་སྐྱེད་བྱས་པ་དེས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཚོ་དང་ས་མཐོར་མི་འཕྲོད་མཁན་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད་ཞིང་པའི་ཡོང་འབབ་མཐོ་རུ་འགྲོ་བ་དང་བོད་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་མ་གཏོང་རྒྱུར་ཡང་ཕན་པ་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།