འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ཁོར་ཡུག་པུས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་གྱི་
    ལོ་གསུམ་གྱི་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་སྣོད་བཅུད་ཁོར་ཡུག་པུའི་ལྟ་ཞིབ་ཚད་ལེན་སིའི་འབྲེལ་ཡོད་འགན་འཁུར་བས་ཉེ་དུས་བཀྲམ་པའི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གཞིར་བཟུང་། འདི་ལོ་ནས་བཟུང་སྣོད་བཅུད་ཁོར་ཡུག་པུས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་གཞི་དང་། བཙོག་སེལ་ལས་ཁུངས། འཁོར་རྒྱུག་སྲུང་སྐྱོང་སྒྲིག་གཞི་བཅས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་སྤུས་ཚད་ལ་ཞིབ་བཤེར་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
             འགན་འཁུར་བ་དེས་ད་ཕན་ལོ་ཤས་རིང་། རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་མོད། འོན་ཀྱང་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་ལྷག་དོན་དུ་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་ལ་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་གནས་པ་སྟེ། དཔེར་ན་བཙོག་སེལ་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་རྫུན་བཟོའི་བྱེད་སྤྱོད་བཀག་སྡོམ་ལན་མང་བྱས་ཀྱང་མཚམས་མི་ཆོད་པ་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྲིག་གཞིའི་ཞབས་ཞུའི་ཆུ་ཚད་མཐོ་པོ་མེད་པ། ས་གནས་ཁག་གཅིག་གིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལ་ཚུལ་མིན་ངང་བཀག་འགོག་བྱེད་པའི་བྱེད་སྤྱོད་ཡང་ཡང་ཐོན་པ་བཅས་རེད་ཅེས་བཤད།
            ཁོང་གིས་ལྟ་སྐུལ་ཞིབ་བཤེར་དེ་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་སྒྲིག་གཞི་དང་། བཙོག་སེལ་ལས་ཁུངས། འཁོར་རྒྱུག་སྲུང་སྐྱོང་སྒྲིག་གཞི་བཅས་རིགས་ཆེན་པོ་གསུམ་གྱི་བྱེད་པོར་ཕྱོགས་ཡོངས་ནས་ཁྱབ་པ་དང་། དེའི་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྲིག་གཞི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་སྣོད་བཅུད་ཁོར་ཡུག་སྡེ་ཚན་ཁོངས་གཏོགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་སྒྲིག་གཞི་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་སྒྲིག་གཞི། སྤྱི་ཚོགས་ཅན་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྲིག་གཞི་གཞན་བཅས་ཚུད་ཡོད། བཙོག་སེལ་ལས་ཁུངས་ནང་གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས་ཀྱི་གཙོ་གནད་བཙོག་སེལ་ཁེ་ལས་ཚུད་པ། འཁོར་རྒྱུག་སྲུང་སྐྱོང་སྒྲིག་གཞིའི་ནང་རང་རྒྱལ་གྱི་ཁོར་ཡུག་མཁའ་རླུང་དང་ས་ངོས་ཀྱི་ཆུའི་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་མཁོ་འདོན་གྱི་འབྲེལ་ཡོད་སྒྲིག་གཞི་ཁག་ཚུད་ཡོད་ཅེས་ངོ་སྤྲོད་བྱས།
     
      

    ཕྱོགས་བསྡུས་གསར་འགྱུར།