འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པ།

     འགག་སྒྲོལ། གྲོང་གསེབ་ཀྱི་རྨང་གཞི་ཞན་ཤོས་ཀྱི་སློབ་གྲྭ་རིགས་གཉིས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་སློབ་གསོའི་ཞན་ཆ་གསབ་ཆེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་རྫོང་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སློབ་གསོའི་མ་དངུལ་མུ་མཐུད་དཀའ་ངལ་ཡོད་པའི་ས་ཁུལ་དང་ཞན་ཆའི་ལྷུ་ཚིགས་ལ་ཕྱོགས་པར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
            གལ་ཏེ་གྲོང་གསེབ་ཀྱི་སློབ་གསོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ཞན་ཆའི་ལྷུ་ཚིགས་ཤིག་དང་མ་འདང་ས་རེད་ཅེས་ཤོད་ན། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ནི་དེའི་ཁྲོད་ཞན་ཤོས་ཀྱི་ལྷུ་ཚིགས་སུ་ངོས་འཛིན་བྱེད་ཆོག
           སློབ་གསོ་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཁྲི་10.7ཡོད་པའི་ནང་། སློབ་ཆུང་ཁྲི་2.7དང་སློབ་ཁྲིད་ས་ཚིགས་ཁྲི་8ཡོད་པ་དེས་གྲོང་གསེབ་ཀྱི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་བསྡོམས་འབོར་གྱི་44.4%བཟུང་ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་384.7ཡོད་པ་དེས་གྲོང་གསེབ་སློབ་ཆུང་སློབ་མའི་བསྡོམས་འབོར་གྱི་5.8%བཟུང་ཡོད་པ་རེད།
            2018ལོའི་ཟླ་4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སྐྲུན་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་ནས་རིགས་གཉིས་ཀྱི་སློབ་གྲྭ་ཡག་པོ་གཉེར་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ། ས་ཁུལ་ཁག་གིས་ད་ཡོད་ཀྱི་རྣམ་གྲངས་ཁག་སྤྱི་འདོམས་བྱས་ཏེ“གང་མི་འདང་ན་དེ་གསབ་པའི”རྩ་དོན་གཞིར་བཟུང་། 2018ལོར་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་ནས་2019ལོའི་སྟོན་དུས་སློབ་འགོ་མ་ཚུགས་གོང་དུ་རིགས་གཉིས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་དམིཌ་ཚད་དུ་སླེབས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
           མ་འཇོག གྲོང་གསེབ་ཀྱི་སློབ་ཆུང་དཀྱུས་མ་དང་དམའ་འབྲིང་སློབ་མའི་སློབ་གསོའི་གྲོན་དངུལ་གཏོང་སྒོ་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་བྱས་པ།
           གྲངས་གཞི་ལས་མངོན་པར། གྲོང་གསེབ་ཀྱི་སློབ་ཆུང་དཀྱུས་མ་དང་དམའ་རིམ་སློབ་འབྲིང་གི་སློབ་མའི་སློབ་གསོའི་གྲོན་དངུལ་གྱི་གཏོང་སྒོ་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ནས་2017ལོར་2012ལོ་ལས་60%ཙམ་འཕར་ཡོད། ཀྲུང་དབྱང་ནོར་སྲིད་སློབ་གསོའི་སྤོ་སྒྱུར་གཏོང་སྒོ་2016ལོའི་སྒོར་དུང་ཕྱུར་2817ནས་2018ལོའི་སྒོར་དུང་ཕྱུར་3067བར་འཕར་ཏེ་མ་དངུལ་གྱི་80%དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་དང་ས་ཁུལ་དབུལ་པོར་སྤྱད་པ་དང་མ་དངུལ་གྱི་བཞི་ཆ་གཅིག་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་མི་རིགས་ས་ཁུལ་དུ་སྤྱད་ཡོད་པ་རེད།
            2017ལོའི་དཔྱིད་དུས་སློབ་འགོ་ཚུགས་པ་ནས་བཟུང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མར་སློབ་ཡོན་ཙག་ཙིག་ཆག་ཡང་དང་རིན་མི་དགོས་པར་སློབ་དེབ་སྤྲོད་པའི་ལག་རྟགས་འབྱོར་ཡོད། གཞན་ཡང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དཔལ་འབྱོར་དབུལ་བའི་ཞག་སྡོད་སློབ་མ་ཁྲི་1604ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་179.1སྤྲད་པ་རེད།
            རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་གི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་པར་བརྟེན། སློབ་མ་ཁྲི་3700ལྷག་ཙམ་གྱི་འཚོ་བཅུད་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་པའི་ས་ཁུལ་གྱི་སློབ་མ་བུ་དང་བུ་མོའི་གཟུགས་པོའི་རིང་ཚད་ཆ་སྙོམས་2012ལོའི་ལི་སྨི་1.9ནས་2017ལོའི་ལི་སྨི་2བར་མཐོ་རུ་ཕྱིན་ཡོད་པ་རེད།
           དགེ་རྒན་གསོ་སྐྱོང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་རྨང་གཞིའི་ཆ་རྐྱེན་ལེགས་སུ་བཏང་བ།
           སློབ་གསོའི་ཇུས་ཆེན་གྱི་རྩ་བ་དེ་དགེ་རྒན་ལ་ཐུག་ཡོད། 2018ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ཞིང་། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་དེའི་ནང་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྔར་བས་བཀོད་སྒྲིག་བྱས་ཡོད།
            པུའུ་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་གཞུང་གྲོན་དགེ་འོས་སློབ་མའི་སློབ་གསོར་མུ་མཐུད་ལག་བསྟར་བྱས་ཏེ་ཞིང་ཆེན་28དུ་ས་གནས་ཀྱི་གཞུང་གྲོན་དགེ་འོས་སློབ་མའི་སློབ་གསོར་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བར་བརྟེན། ལོ་ལྟར་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་4གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཐད་ཀར་དགེ་རྒན་བྱེད་པར་བཀུག་ཡོད་པ་རེད། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”ལག་བསྟར་བྱས་ཏེ། 2016ལོ་ནས་2017ལོ་བར། གྲོང་གསེབ་ཀྱི་ཞའོ་ཀྲང་དང་དགེ་རྒན་ཁྲི་360ལྷག་ལ་ཆེད་ལས་ཅན་གྱི་གསོ་སྦྱོང་བྱས་པ་དང་། གྲོང་གསེབ་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་ལག་བསྟར་བྱས་ནས་2017ལོར་ཕུལ་བྱུང་གི་སློབ་ཆེན་སློབ་མ་ཁྲི་8གྲོང་གསེབ་ཏུ་དགེ་རྒན་བྱེད་པར་བཏང་ཞིང་། གྲོང་གསེབ་དགེ་རྒན་གྱིས་ཤང་གྲོང་གི་ལས་ཀའི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་ཁ་གསལ་བཟོས་ཏེ་ཕྱོགས་ཡོངས་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་ལ་འཚོ་བའི་ཁ་གསབ་སྲིད་ཇུས་དང་དཀའ་ཚེགས་ཐག་རིང་ས་ཁུལ་གྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད། གྲོང་གསེབ་དགེ་རྒན་གྱི་ལས་ཤག་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་2016ལོ་ནས་2017ལོ་བར། ས་ཁུལ་ཁག་ཏུ་ལས་ཤག་ཆ་ཚང་ཁྲི་7.4གསར་སྐྲུན་བྱས་ཡོད། “གཞི་རིམ་དང་དཀའ་ཚེགས་ཆེ་སར་ཐོབ་ཐང་མཐོ་བའི”བྱེད་ཐབས་ཀྱིས་རྫོང་725ཡི་གྲོང་གསེབ་དགེ་རྒན་ཁྲི་127ལ་ཕན་པ་ཐོབ་ནས་ཁོང་ཚོ་གཞི་རིམ་དུ་གནས་ཐུབ་པ་བྱུང་ཡོད།
            “ཁང་པ་ཡག་ཤོས་ནི་སློབ་གྲྭ”ཡིན་པ་དེ་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་མང་ཆེ་བའི་མི་སེར་གྱི་ཐུན་མོང་ངོས་འཛིན་དུ་གྱུར་ཅིང་། 2017ལོར། རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་2015ལོ་ལས་10%འཕར་བ་དང་སློབ་གྲྭར་དྲ་སྦྲེལ་མཐུད་ཚད་90%ལས་བརྒལ་ཡོད། རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་832ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཁྲི་10.3གྱི་སློབ་གཉེར་ཆ་རྐྱེན“མཐའ་ཚད་ཀྱི་བླང་བྱར”སླེབས་པ་དེས་94.7%བཟུང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།