འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མངའ་རིས་རྩ་མདའ་རྫོང་གིས་གནའ་བོའི་བང་སོ་བཅུ་ལྷག་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་13ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མངའ་རིས་རྩ་མདའ་རྫོང་གིས་གནའ་བོའི་བང་སོ་བཅུ་ལྷག་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ།
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མངའ་རིས་རྩ་མདའ་རྗོང་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྨང་འཛུགས་ཞིབ་དཔྱད་འཚོལ་ཞིབ་བྱེད་པར་རོགས་འདེགས་བྱ་ཆེད། རྩ་མདའ་རྫོང་རིག་དངོས་ཅུས་ཀྱིས་དེ་སྔོན་རྩ་མདའ་རྫོང་ཁོངས་སུ་གསར་དུ་རྙེད་པའི་གནའ་བོའི་བང་སོ་10ལ་མྱུར་སྐྱོབ་རང་བཞིན་གྱི་སྔོན་འདོན་བྱས་ནས། རྫ་ཆས་དང་ཤེལ་ཕྲེང་སོགས་རིག་དངོས་རྩ་ཆེན་ཁག་ཅིག་ས་འོག་ནས་ཐོན་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། གནའ་བོའི་བང་སོ་གཉིས་ནི་བོད་ལྗོངས་མངའ་རིས་རྩ་མདའ་རྫོང་གླང་ཆེན་ཁ་འབབ་ཀྱི་ཆུ་སྟོད་དང་ཆུ་སྐེད་ཀྱི་ས་ཁོངས་སུ་ཡོད་ཅིང་། མངའ་རིས་ཀྱི་རྨང་གཞི་འཛུགས་པའི་ཨར་ལས་ལས་ཁུངས་གཉིས་ཀྱིས་ལས་ཀའི་ཁྲོད་རྙེད་པ་རེད། གོང་རིམ་དང་འབྲེལ་ཡོད་རིག་དངོས་ཚན་པར་སྙན་སེང་ཞུས་རྗེས། 2017ལོའི་ལོ་མཇུག་ཏུ་རྩ་མདའ་རྫོང་རིག་དངོས་ཅུས་ཀྱི་ལས་དོན་མི་སྣ་སྔ་རྗེས་སུ་ཡུལ་གཉིས་ཀར་བསྐྱོད་ནས། དུས་ཡུན་ཟླ་གཉིས་ལ་ཉེ་བའི་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་སྲུང་སྐྱོང་གི་ལས་ཀ་བསྒྲུབས་ཡོད།
          རྩ་མདའ་རྫོང་རིག་དངོས་ཅུས་ཅུས་ཀྲང་བློ་བསྟན་གྱིས་གསར་འགོད་པར། “ས་ཆ་གཉིས་ནས་སོ་སོར་རྫ་ཆས་དང་། ཟངས་ཆས། ཤེལ་ཕྲེང་། གསེར་ཆས་སོགས་ཅ་དངོས་60ལྷག་ཐོན་ཡོད། རིག་གཅིག་མཁས་ཅན་གྱིས་ཡུལ་དངོས་ཀྱི་གནའ་བོའི་བང་སོའི་བཟོ་དབྱིབས་དང་སྔོག་འདོན་བྱེད་པའི་ཅ་དངོས་ལ་གཞིགས་ན། ད་ཐེངས་ཀྱི་བང་སོ་དང་རིག་དངོས་དེ་དག་ནི་དེ་སྔོན་མངའ་རིས་ས་ཁོངས་ནས་གནའ་རྫས་རྟོགས་ཞིབ་སྔོག་འདོན་བྱས་ཤིང་ད་བར་ལོ་ངོ་2000ཙམ་ཡོད་པའི་བང་སོའི་རིག་གནས་ཀྱི་དུས་རབས་དང་ཐག་ཉེ་པོ་རེད”ཟེར།
          གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ད་ཐེངས་གསར་དུ་རྙེད་པའི་རིག་དངོས་ཀྱི་ཞིབ་དཔྱད་ཚད་ལེན་དམར་དཔེ་ནི་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ལ་གསལ་འབྱེད་བྱེད་པར་བསྐྱལ་ཟིན། དེ་དང་དུས་མཚུངས་སུ་རིག་དངོས་སྡེ་ཁག་གིས་བང་སོ་ཁ་ཤས་ས་བརྒྱངས་ནས་སྲུང་སྐྱོང་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད། ད་ལོའི་ཟླ་7པ་ནས་བཟུང་མངའ་རིས་མཉམ་འབྲེལ་གནའ་རྫས་རྟོགས་ཞིབ་ཚོགས་པས་དེའི་ཁྲོད་ཀྱི་བང་སོ་གཅིག་ལ་རིམ་གྱིས་གནའ་རྫས་རྟོགས་ཞིབ་སྔོག་འདོན་བྱེད་ཀྱིན་ཡོད།
          བོད་རང་སྐྱོང་ལྗོངས་རིག་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ལགས་ཀྱིས། “ད་ཐེངས་གསར་དུ་རྙེད་པའི་བང་སོ་འདི་དག་མངའ་རིས་ལ་རྒྱུས་ལོན་དང་ལྷག་པར་དུ་གླང་ཆེན་ཁ་འབབ་ཆུ་རྒྱུད་ཀྱི་ལྟེ་བ་བྱེད་པའི་ནུབ་རྒྱུད་མངའ་རིས་ཀྱི་སྔ་མའི་ཤེས་རིག་འཕེལ་རིམ་ལ་ཅ་དངོས་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ང་ཚོས་མུ་མཐུད་དུ་ཐེངས་འདིར་གསར་དུ་རྙེད་པའི་གནའ་རྫས་དཔྱད་གཞི་དག་ལ་འཆར་གཞི་ཡོད་པའི་སྒོ་ནས་ཚན་རིག་དང་མཐུན་པའི་སྔོག་འདོན་བྱ་རྒྱུ་ཡིན”ཟེར།
           རྩ་མདའ་རྫོང་ནི་བོད་ལྗོངས་མངའ་རིས་ས་ཁུལ་ལྷོ་ཕྱོགས་ཀྱི་གླང་ཆེན་ཁ་འབབ་ཀྱི་ཆུ་རྒྱུད་དུ་གནས་ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡས་མས་ཡིན་ཞིང་། དེའི་ཁོངས་སུ་རྒྱལ་ཁབ་ས་གཤིས་སྤྱི་གླིང་གྲགས་ཆེན་རྩ་མདའི་དྲུ་རོང་དང་གུ་གེའི་གནའ་ཤུལ། མཐོ་ལྡིང་དགོན་སོགས་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དག་ཡོད།
    ༄༅།།མངའ་རིས་རྩ་མདའ་རྫོང་གིས་གནའ་བོའི་བང་སོ་བཅུ་ལྷག་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།