འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་འཛམ་གླིང་གི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ།

    ——མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་ལག་བསྟར་ཀྲུའུ་རེན་ཀྲུའུ་ཧྲན་ཀྲུང་ལ་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་18ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་ལག་བསྟར་ཀྲུའུ་རེན་ཀྲུའུ་ཧྲན་ཀྲུང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཕྱིར་སྐྱོད་ཡུལ་སྐོར་བའི་མི་གྲངས་མུ་མཐུད་འཕར་ནས་ཀྲུང་གོའི་ཡུལ་སྐོར་བ་གོ་ལ་ཧྲིལ་པོའི་ཕྱོགས་གང་སར་ཁྱབ་ཡོད་པ་མ་ཟད། ཀྲུང་གོས་འཛམ་གླིང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་གལ་འགངས་ཆེ་བའི་ལེགས་སྐྱེས་ཕུལ་བ་དེ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་བཤད།
           ཀྲུའུ་ཧྲན་ཀྲུང་གིས་ཉེ་དུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཀྲུང་གོའི་ཡུལ་སྐོར་ཁྲོམ་རར་ལྷག་པར་དུ་མཐོང་ཆེན་བྱས་ཏེ། འཛམ་གླིང་གི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་དེ་ཀྲུང་གོའི་ཡུལ་སྐོར་ཁྲོམ་རའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བཤད།
          ཀྲུའུ་ཧྲན་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ན་ནིང་གོ་ལ་ཧྲིལ་པོའི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་དུང་ཕྱུར་13.22ཟིན་ནས་དུས་མཚུངས་ལས་7%འཕར་ཡོད། ན་ནིང་ཀྲུང་གོའི་ཡུལ་སྐོར་བ་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་1.3ཟིན་པ་དེས་གོ་ལ་ཧྲིལ་པོའི་ཡུལ་སྐོར་བའི་བསྡོམས་འབོར་གྱི་10%བཟུང་ཡོད། དེ་ཐོག་ནས་ན་ནིང་འཛམ་གླིང་ཡུལ་སྐོར་ལས་རིགས་ཀྱི་ཡུལ་སྐོར་བའི་མི་གྲངས་7%འཕར་བའི་ནང་ཕལ་ཆེ་བ་ནི་ཀྲུང་གོའི་ཡུལ་སྐོར་བ་ཡིན་ཞེས་བརྗོད་ཆོག་གི་ཡོད།
          ཀྲུའུ་ཧྲན་ཀྲུང་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་གི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་དེས་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ན་ནིང་ཀྲུང་གོའི་ཡུལ་སྐོར་བས་ཕྱི་རྒྱལ་དུ་འཛད་སྤྱོད་བྱེད་ཚད་ཨ་སྒོར་དུང་ཕྱུར་1152.9ཟིན་ཏེ་ལོ་མང་རིང་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་འཛད་སྤྱོད་པས་བསྡུར་ཚད་མཐོ་བོ་བཟུང་ནས་དེ་སྔའི་འཛད་སྤྱོད་བྱེད་མང་ཤོས་ཀྱི་དབྱིན་ཇི་དང་ཨ་རི་དེ་བཞིན་འཇར་མན་བཅས་ཀྱི་ཡུལ་སྐོར་བ་ལས་བརྒལ་ཡོད་ཅེས་བཤད། ཁོང་གིས་དོན་དངོས་ཀྱི་ཐོག་ནས་ཀྲུང་གོས་འཛམ་གླིང་ཡུལ་སྐོར་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཚད་དེ་རྒྱལ་ཁབ་སུ་ཞིག་གིས་བསྡུར་ཐབས་མེད་པ་ར་སྤྲོད་བྱུང་ཡོད་ཅེས་བཤད།
          ཀྲུའུ་ཧྲན་ཀྲུང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་ནི་ཀྲུང་གོའི་ཡུལ་སྐོར་བས་སྐྱོད་མང་བའི་ཡུལ་སྐོར་དམིགས་སའི་ཁུལ་རེད། ད་ཕན་ལོ་ཤས་རིང་ཡོ་རོབ་རྒྱལ་ཁབ་ཀྱིས་འཐོངས་མཆན་འགོད་པའི་ཐད་སྟབས་བདེའི་བྱེད་ཐབས་ཁག་གཅིག་བཏོན་པར་བརྟེན་ཡོ་རོབ་འདི་ཉིད་ཀྲུང་གོའི་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཡུལ་སྐོར་དམིགས་སའི་གྲས་སུ་གྱུར་ཡོད་ཅེས་བཤད།
          ཀྲུའུ་ཧྲན་ཀྲུང་གིས་ད་ཆ་ཀྲུང་གོའི་རྒྱལ་ཁོངས་སྒྲོལ་བའི་ཡུལ་སྐོར་ལ་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད། དཔེར་ན། ཡུལ་སྐོར་དམིགས་སའི་ཁུལ་དེ་བས་སྣ་མང་ཅན་དང་། ཡུལ་སྐོར་དང་འཛད་སྤྱོད་འདུ་ཤེས་དེ་བས་དཔྱོད་ཤེས་ལྡན་པ། ཕྱི་རྒྱལ་བས་ཀྲུང་གོའི་ཡུལ་སྐོར་བར་ལྟ་སྟངས་ལེགས་སུ་ཕྱིན་པ་སོགས་རེད་ཅེས་བཤད། ཁོང་གིས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་འཛམ་གླིང་ཡུལ་སྐོར་བྱ་གཞག་འདི་ལོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུའི་ཚོད་དཔག་བྱས་པ་དང་ཀྲུང་གོས་སྔར་བཞིན་འཛམ་གླིང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེད་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུང་ཤིན། 
      

    ཕྱོགས་བསྡུས་གསར་འགྱུར།