འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་ཞུགས་བརྟན་ཐོག་ཡར་འཕེལ་བྱུང་ནས་ངལ་རྩོལ་པའི་སེམས་ཤུགས་འཕེལ་བ། 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་ཤིན་ཕིང་གིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། བརྟན་ཐོག་ཡར་འཕེལ་བྱུང་བ་ལས་ཞུགས་ཁྲོམ་ར་འཕེལ་རྒྱས་བྱུང་བ་མངོན་པ།
            ལོ་ཕྱེད་རིང་གི་ལས་ཞུགས་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ།
           ལས་ཞུགས“བརྟན་པོ”བྱུང་བ་དེ་ངལ་རྩོལ་པ་མང་པོར་ལས་ཀ་རག་པ་དང་ལས་ཞུགས་གཞི་ཁྱོན་མུ་མཐུད་རྒྱ་ཆེ་རུ་ཕྱིན་པ་ལས་མངོན་ཐུབ། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་613འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་ཁྲི་230སླར་ཡང་ལས་ཞུགས་ཐུབ་པ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཁྲི་72ལས་ཞུགས་ཐུབ་པ་རེད།
           ལས་ཞུགས“བརྟན་པོ”བྱུང་བ་དེ་ངལ་རྩོལ་པར་ལས་ཀ་རག་པ་མ་ཟད། ལས་ཀ་བརྟན་པོ་ཞིག་རག་ནས་ལས་ཀ་ཤོར་ཚད་དེ་སྔ་ལྟར་མང་པོ་མེད་པ་ལས་མངོན་ཐུབ། དུས་ཚིགས་དང་པོའི་དུས་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.89%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.08ཆག་ཡོད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱིས་བརྟག་དཔྱད་བྱས་པ་བརྒྱུད། ཟླ་ལྔ་པར་ལས་ཀ་ཤོར་ཚད་4.8%ཟིན་ནས། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད།
           ལས་ཞུགས“ཡག་པོ”བྱུང་བ་དེ་མི་སྤྱོད་དགོས་མཁོ་ཧ་ཅང་ཆེ་བ་ལས་མངོན་ཐུབ། གྲོང་ཁྱེར་100ཡི་སྤྱི་པའི་ལས་ཞུགས་ཞབས་འདེགས་སྒྲིག་གཞིའི་ཁྲོམ་རའི་དགོས་མཁོའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་ངལ་ནུས་ཁྲོམ་ར་མུ་མཐུད་འཁྲུག་ཆ་དོད་པོ་ཡོད་པ་དང་མི་སྤྱོད་དགོས་མཁོ་ཚད་ལྡབ་1.23གྱི་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཏེ། ལས་གནས་ཀྱི་མཁོ་ཚད་ལས་ཀ་འཚོལ་མཁན་ལས་མང་བ་ཡོད། བཟོ་སྐྲུན་ལས་རིགས་ཐད་མི་སྤྱོད་ཚད་ཆེས་མང་དུ་ཕྱིན་ནས་ལས་ཞུགས་ཀྱི་དགོས་མཁོ་དུས་མཚུངས་ལས་5.2%འཕར་བ་དང་། སྤྱི་ཡོངས་ཀྱི་དགོས་མཁོ་ལས་བརྒྱ་ཆའི་གྲངས་0.7མཐོ་བ་ཡོད་པ་རེད།
           ལས་ཞུགས“ཡག་པོ”བྱུང་བ་དེ་གཙོ་གནད་ཚོགས་པའི་ལས་ཞུགས་བརྟན་པོའི་ཁྲོད་འཕར་བ་དང་མི་མང་པོ་ཞིག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ལས་མངོན་ཐུབ། དུས་ཚིགས་དང་པོའི་དུས་མཇུག་ཏུ་ཕྱིར་གླ་པར་སྐྱོད་མཁན་གྲོང་གསེབ་ཀྱི་ངལ་ནུས་མི་འབོར་ཁྲི་17441ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་མི་ཁྲི་188འཕར་བ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཁྲི་43ལས་ཞུགས་ཐུབ་ནས། དུས་མཚུངས་ལས་མི་ཁྲི་2འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་ཤིག་བཏོད་ཡོད། ཟླ་5པའི་ཟླ་མཇུག་བར་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་མི་སྣ་ཁྲི་781ལ་ལས་ཞུགས་མངོན་འགྱུར་བྱེད་རོགས་བྱས་པ་རེད།
           གཞན་ཡང་ཚོང་དོན་ལམ་ལུགས་དང“གློད་སྡོམ་ཞབས”སོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་སྦྲགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། “དུས་ཚིགས་དང་པོར་རང་རྒྱལ་གྱི་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་132ཟིན་པ་དང་ཉིན་རེར་ཆ་སྙོམས་ཐོ་འགོད་བྱེད་མཁན་ཁེ་ལས་ཁྲི་1.47ཟིན་ནས་ལས་གཏོད་ཀྱིས་ལས་ཞུགས་ཀྱི་སྣེ་ཁྲིད་པའི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་ཡོད”ཅེས་ཀྲུང་གོ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་མོ་རུང་གིས་བཤད།
           ལས་བཟོའི་གླ་ཆ་ལུགས་མཐུན་ངང་འཕར་རྒྱུའི་རེ་བ་ཡོད་པ་དང་རྒན་ཡོལ་ཞུས་པའི་མི་སྣའི་འཚོ་བའི་འགན་ལེན་སྔར་བས་ལེགས་སུ་ཕྱིན་པ།
          འདི་ནི་ངལ་རྩོལ་པར་རེ་བས་ཁེངས་པའི་ལོ་ཕྱེད་རེད།
          མ་མཐའི་གླ་ཆའི་ཚད་གཞི་མུ་མཐུད་ལེགས་སྒྲིག་བྱས་ནས་གླ་ཆ་ལུགས་མཐུན་ངང་འཕར་རྒྱུའི་རེ་བ་ཡོད་ཅིང་། 2017ལོར་རྒྱལ་ཡོངས་ཀྱི་ས་ཆ་20ཡི་མ་མཐའི་གླ་ཆའི་ཚད་གཞི་ལེགས་སྒྲིག་བྱས་པ་དང་ཆ་སྙོམས་འཕར་ཚད་11%ཟིན་གྱི་ཡོད། འདི་ལོའི་ཟླ་6ཚེས་1ཉིན་རྒྱལ་ཡོངས་ཀྱི་ས་ཆ་8ཀྱི་མ་མཐའི་གླ་ཆའི་ཚད་གཞི་ལེགས་སྒྲིག་བྱས་ནས་ཆ་སྙོམས་འཕར་ཚད་12.3%ཟིན་གྱི་ཡོད། “ས་གནས་ཁག་གིས་མ་མཐའི་གླ་ཆའི་ཚད་གཞི་ལེགས་སྒྲིག་བྱས་ནས་ཡོང་འབབ་དམའ་བའི་ལས་བཟོའི་ངལ་རྩོལ་གྱི་ཐོབ་ཆའི་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ཡོད། ས་ཆ་ཁག་གཅིག་གིས་ད་དུང་གླ་ཆའི་མཛུབ་ཁྲིད་ཚད་གཞི་ཁྱབ་བསྒྲགས་བྱས་ནས་ལས་བཟོའི་གླ་ཆ་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་ཆ་འཕྲིན་གྱི་མཛུབ་ཁྲིད་བྱས་ཡོད”ཅེས་མོ་རུང་གིས་བཤད།
           གཞུང་ཁོངས་ཁེ་ལས་ཀྱི་གླ་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་བ་དེས་གཞུང་དྲང་དང་ཕན་འབྲས་ལ་སྣང་ཆེན་བྱེད་པའི་རྩ་དོན་མངོན་ཡོད། ཟླ་5པར་གཞུང་ཁོངས་ཁེ་ལས་ཀྱི་གླ་ཆ་གཏན་འཁེལ་ལམ་སྲོལ་སྒྱུར་བཅོས་ཇུས་གཞི་བཏོན་པ་དང་ངལ་ནུས་ཁྲོམ་རའི་གཞི་རྩ་དང་འཚམ་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་ཁེ་ཕན་དང་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་དང་འབྲེལ་བ་ཡོད་པའི་གླ་ཆ་གཏན་འཁེལ་དང་རྒྱུན་གཏན་གྱི་འཕར་སྣོན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་བཏོན་ཡོད་པ་རེད།
           སྤྱི་ཚོགས་འགན་ལེན་ལམ་ལུགས་ལས་མི་དེ་བས་མང་བར་ཕན་པ་ཐོབ་པ་དང་། ལོ་ཧྲིལ་པོར་འགན་བཅོལ་ལ་ཞུགས་མཁན་མང་དུ་གཏོང་བའི་ལས་འགན་དམིགས་ཚད་ཕྱེད་ཀ་ལྷག་ཙམ་ལེགས་སྒྲུབ་ཟིན་ཡོད། ཟླ་ལྔ་པའི་ཟླ་མཇུག་བར་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་མཁན་ཁྲི་92199ཟིན་ནས། ན་ནིང་གི་ལོ་མཇུག་ལས་མི་ཁྲི་650མང་དུ་ཕྱིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མི་ཁྲི་119488ཟིན་ནས་ན་ནིང་གི་ལོ་མཇུག་ལས་མི་ཁྲི་1807མང་དུ་ཕྱིན་པ། ལས་རྨས་འགན་བཅོལ་ལ་ཞུགས་མཁན་མི་ཁྲི་22876ཟིན་ནས། ན་ནིང་གི་ལོ་མཇུག་ལས་མི་ཁྲི་153མང་དུ་ཕྱིན་ཡོད།
           ཐེབས་རྩ་འཁོར་རྒྱུག་གི་གནས་ཚུལ་བརྟན་ཞིང་ཚོད་འཛིན་ཐུབ་པ་དང་རྒན་ཡོལ་ཞུས་པའི་མི་སྣའི“འཚོ་རྟེན”རྒྱུན་མཐུད་འཕར་ཡོད། ཟླ་དང་པོ་ནས་ལྔ་པའི་བར་ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་དང་། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ། ཡུལ་མིའི་རྒན་གསོ་བཅས་ཀྱི་སྤྱིའི་ཡོང་འབབ་དུས་མཚུངས་ལས་སོ་སོར་18.2%དང་། 41.3% 7.3%འཕར་ཞིང་། ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་ཡོང་འབབ་འཕར་ཚད་ཉེ་བའི་ལོ་ལྔའི་རིང་གི་དུས་མཚུངས་ཀྱི་མཐོ་ཤོས་ཡིན་ཞིང་། ཐེབས་རྩའི་རིམ་རྩིས་ལྷག་དངུལ་ཟམ་མི་ཆད་པར་འཕར་ནས་སྒོར་དུང་ཕྱུར་44266དང་། སྒོར་དུང་ཕྱུར་2705 སྒོར་དུང་ཕྱུར་7055བཅས་ཟིན་ཡོད།
            རྒན་གསོའི་དངུལ་ལོ་14བསྟུད་མར་འཕར་བ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཐོབ་ཐང་ཇེ་ལེགས་སུ་ཕྱིན་ཡོད། ཟླ་དྲུག་པའི་ཟླ་མཇུག་བར་པེ་ཅིང་དང་། ཧྲང་ཧའེ། མཚོ་སྔོན། ཧོ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་གིས་རྒན་གསོའི་དངུལ་ལེགས་སྒྲིག་ཇུས་གཞི་དང་སྤྲོད་པའི་དུས་ཚོད་ཡོངས་བསྒྲགས་བྱས་པ་དང་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་རྒྱ་ཁྱབ་ངང་འཕར་ཡོད། དེ་ནི་2016ལོ་དང་2017ལོར་ཁེ་ལས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གཅིག་གྱུར་ལེགས་སྒྲིག་བྱས་ཚུན་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་རྒྱ་ཁྱབ་ངང་འཕར་ཐེངས་གཉིས་པ་ཡིན་པ་དང་ལེགས་སྒྲིག་ཆུ་ཚད་ནི་2017ལོའི་རྒན་ཡོལ་ཞུས་པའི་མི་སྣའི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་5%ཙམ་ཡིན་པ་དང་། སྔོན་དཔག་བྱས་ན་རྒན་ཡོལ་ཞུས་པའི་མི་སྣ་དུང་ཕྱུར་1.14ཙམ་ལ་ཕན་པ་འཐོབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།