འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཞབས་ཞུའི་ཚོང་དོན་དང་རྒྱ་མཚོའི་དཔལ་འབྱོར་དེ་ཀྲུང་ཧན་དཔལ་འབྱོར་ཚོང་དོན་མཉམ་ལས་
    ཀྱི་བརྡ་ཆད་གཙོ་བོར་འགྱུར་རེ་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྐབས་གསུམ་པའི“ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་འཕེལ་རྒྱས་དང་མཉམ་ལས་ཀྱི་ཇུས་གཞིའི”རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཧན་གོའི་ཅི་ཀྲོའུ་གླིང་ཕྲན་དུ་འཚོགས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཞབས་ཞུའི་ཚོང་དོན་དང་རྒྱ་མཚོའི་དཔལ་འབྱོར་དེ་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་བརྡ་ཆད་གཙོ་བོར་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།
           བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ(ཧའེ་ནན)སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲེ་ཕུའུ་ལིན་གྱིས་མིག་སྔར་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་འགྲན་སློང་འཕྲད་པའི་མདུན་དུ་ཀྲུང་ཧན་རྒྱལ་ཁབ་གཉིས་པོས་རང་མོས་ཚོང་དོན་གཙོ་རྐང་དུ་བྱས་པའི་དཔལ་འབྱོར་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ཚོང་དོན་དེ་ཉིད་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། ཀྲུང་ཧན་རྒྱལ་ཁབ་གཉིས་པོས་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་ཅེས་བརྗོད་པ་རེད།
          ཁོང་གིས་མིག་སྔར་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ཞབས་ཞུའི་ཚོང་དོན་དངུལ་གྲངས་ཀྱིས་ཕྱོགས་གཉིས་པོའི་ཚོང་དོན་དངུལ་གྲངས་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་མཐོ་རུ་འགྲོ་རེ་ཡོད་ལ་རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་དུས་མཚམས་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེས་ཀྱང་ཁྱབ་ཁོངས་དེའི་མཉམ་ལས་སྔར་བས་རྒྱ་ཆེར་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
          ཚོགས་འདུའི་ཐོག་ཧན་གོའི་ཅི་ཀྲོའུ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཅིན་ཏུང་ཧྲོན་གྱིས་2020ལོར་སླེབས་སྐབས། སྔོན་དཔག་ལྟར་ན། ཀྲུང་ཧན་རྒྱལ་ཁབ་གཉིས་པོ་ཚུད་པའི་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་རྒྱ་མཚོའི་དཔལ་འབྱོར་ཐོན་ལས་ཀྱི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་20%ཡན་བཟུང་རྒྱུ་རེད། ཧན་གོའི་མཚོ་རྒྱུད་གྲོང་ཁྱེར་གྱིས“དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི”གྲོས་འགོ་དང་སྦྲེལ་མཐུད་ཐུབ་པའི་མཐུན་རྐྱེན་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ་དང་འབྲེལ་སྒྲོམ་གཞི་དེའི་འོག་རྒྱལ་ཁབ་གཉིས་པོའི་རྒྱ་མཚོའི་དཔལ་འབྱོར་ཁྱབ་ཁོངས་སུ་རྒྱུན་མཐུད་མཉམ་ལས་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས་ཞེས་བརྗོད་པ་རེད།
          ཧན་གོའི་ཁྲེང་ཅུན་ཀོན་སློབ་ཆེན་ཁྲེང་ཅུན་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལི་ཤིས་ཡུས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་སྐམ་ས་དང་རྒྱ་མཚོ་རིམ་པ་གཉིས་ཀྱི་ཐོག་ནས་འཛམ་གླིང་དང་འབྲེལ་བ་དམ་ཟབ་ཐུབ་ཡོད། མིག་སྔར། ཧན་གོ་སྲིད་གཞུང་གིས“ལྷོ་ཕྱོགས་གསར་པའི་སྲིད་ཇུས”ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་ཧན་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་བྱས་པ་བརྒྱུད་གཉིས་ཁེ་ཡོང་བ་བྱེད་ཆོག་པའི་ངོས་འཛིན་བྱེད་ཀྱི་འདུག ཁོང་གིས་སྐམ་སའི་དཔལ་འབྱོར་མཉམ་ལས་དང་བསྡུར་ཚེ་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་བྱེད་པའི་གཞི་ཁྱོན་དང་གཏིང་ཟབ་ཚད་ཚང་མར་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།