འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མ་འཇོག་མཁན་གྱིས་ཨར་ཅི་རི་ཡའི་ཐོན་ལས་རིམ་སྤོར་ལ་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཨ་ཧྥེ་རི་ཁ་བྱང་མར་གནས་པའི་ཨར་ཅི་རི་ཡ་ནི་ཨ་ཧྥེ་རི་ཁའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་དང་འཛམ་གླིང་གི་སྣུམ་རླངས་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་གཙོ་བོ་ཞིག་རེད། ད་ཕན་ལོ་ཤས་རིང་། ཀྲུང་གོའི་མ་འཇོག་མཁན་མང་པོ་ཞིག་གིས་ཁྲོམ་ར་དེའི་མདུན་ལམ་བཟང་པོ་མཐོང་ནས་ས་གནས་དེར་མ་རྩ་བཏང་ནས་བཟོ་གྲྭ་བརྒྱབ་སྟེ་ཁོང་ཚོའི་ལས་གཉེར་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱས་པ་དང་ཆབས་ཅིག་ས་གནས་འདིའི་ཐོན་ལས་རིམ་སྤོར་མངོན་འགྱུར་བྱ་རྒྱུར་རོགས་རམ་ཡང་བྱས་ཡོད།
            རྒྱལ་ས་ཨར་ཅིར་སིའི་ཤར་འདབས་སུ་ཡོད་པའི་པཱ་པཱ་ཨ་ལི་བཟོ་ལས་ཁུལ་དུ་ས་གནས་དེའི་མིར་གང་དུ་ཀྲུང་གོའི་བཟོ་གྲྭ་ཡོད་དམ་ཞེས་སྐད་ཆ་འདྲིས་ཚེ། ཨར་ཅི་རི་ཡར་ཡོད་པའི་ཀྲུང་གོའི་དམངས་གཉེར་མ་འཇོག་ཁེ་ལས་ཆེ་ཤོས་ཀུའུ་མེ་ལྕགས་དང་ངར་ལྕགས་བཟོ་གྲྭ་དེ་བསྟན་སྲིད།
            ཀྲུང་གོའི་ཧྥུའུ་ཅན་གྱི་ཧྥུའུ་ཅིང་ནས་ཡིན་པའི་ཀྲང་ཀོང་ཧྭ་ནི་ཁེ་ལས་དེའི་ཏུང་ཧྲི་ཀྲང་ཡིན་ཞིང་། ལོ་ལྔ་བཅུ་ལ་སླེབས་པའི་ཁེ་ལས་པ་དེས་ཨར་ཅི་རི་ཡར་ཁེ་ལས་གཉེར་ནས་ལོ་བཅུ་ལྷག་ཙམ་སོང་ཡང་། ཕུའུ་ཅན་བས་ཇ་བླུགས་ནས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གོམས་གཤིས་དེ་དོར་མེད། ལོ་བཅུ་ལྷག་ཙམ་གྱི་གོང་དུ། ཀྲང་ཀོང་ཧྭ་ཡིས་ཧྥུའུ་ཅན་བ་མི་ཉུང་བ་ཞིག་དང་མཉམ་དུ་ཨར་ཅི་རི་ཡར་བསྐྱོད་དེ་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པའི་ལས་ལ་ཞུགས། ཁོང་གིས་གནས་དེའི་ཁྲོམ་རའི་མདུན་ལམ་བཟང་པོ་ཡོད་པ་ཤེས་རྗེས། འདྲུད་ལྷམ་བཟོ་གྲྭ་བཙུགས། ཐོན་སྐྱེད་མ་གནས་ཆུང་བ་དང་ཐོན་ཟོག་སྤྲོད་མགྱོགས་པར་བརྟེན་ཐོན་རྫས་ལ་དགའ་བསུ་ཐོབ་ཡོད།
           ཁེ་བཟང་རག་རྗེས། ཀྲང་ཀོང་ཧྭ་ཡིས་མ་རྩ་ཆེ་རུ་གཏོང་རྒྱུའི་བློ་ཐག་བཅད། སྐབས་དེར་ཨར་ཅི་རི་ཡ་སྲིད་གཞུང་གིས་མི་སེར་གྱི་སྡོད་ཁང་ཐག་གཅོད་བྱ་ཆེད་ས་གནས་ཁག་ཏུ་གཞི་ཁྱོན་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་ལས་དོན་སྤེལ་འགོ་ཚུགས། འོན་ཀྱང་སྤྱིར་ན་འཛུགས་སྐྲུན་གྱི་རྒྱུ་ཆ་ཚང་མ་ནང་འདྲེན་བྱེད་དགོས་པས། ཀྲང་ཀོང་ཧྭ་དང་ལས་རོགས་ཚོས་ཧ་ཡང་ལྕགས་བསྲེས་མའི་བཟོ་གྲྭ་འཛུགས་རྒྱུའི་སེམས་ཐག་བཅད།
           སྒོ་དང་སྒེའུ་ཁུང་གི་རྒྱུ་ཆ་ཐོན་སྐྱེད་བྱ་རྒྱུ་དེ་འདྲུད་ལྷམ་ཐོན་སྐྱེད་བྱ་རྒྱུ་དང་མི་འདྲ་བས། ཐོན་སྐྱེད་ཀྱི་ཉམས་མྱོང་མེད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཁོང་ཚོ་རྒྱལ་ནང་དུ་ལོག་ནས་ས་གནས་གང་སར་བསྐྱོད་དེ་ཧ་ཡང་ལྕགས་བསྲེས་མའི་ཐོན་སྐྱེད་བཟོ་རྩལ་སྦྱོང་འགོ་ཚུགས་པ་དང་འབྲེལ་འཕྲུལ་ཆས་ཐོན་སྐྱེད་བྱེད་མཁན་ཚོང་པ་དང་འབྲེལ་བ་བྱས་ཁར། སྤུས་ཀ་ལེགས་པའི་མ་བཅོས་རྒྱུ་ཆ་ཐོན་སྐྱེད་བྱེད་མཁན་ཡག་ཤོས་བཙལ་བ་མ་ཟད། ཐོན་སྐྱེད་དང་དོ་དམ་ཤེས་མཁན་རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་ཀྱང་གདན་དྲངས། དེ་ལྟར་བྲེལ་འཚུབ་ངང་གྲ་སྒྲིག་བྱས་མཐར། 2009ལོར་ཀྲང་ཀོང་ཧྭ་དང་ལས་རོགས་ཚོས་མ་དངུལ་བཏང་ནས་ཀུའུ་མེ་ཧ་ཡང་ལྕགས་བསྲེས་མའི་བཟོ་གྲྭ་དེ་བཙུགས་པ་རེད།
          ལོ་ཤས་སོང་རྗེས། ཀྲང་ཀོང་ཧྭ་དང་ལས་རོགས་ཚོས་མིག་རྒྱང་དེ་དཔལ་འབྱོར་རིན་ཐང་དེ་བས་མཐོ་བའི་ལྕགས་དང་ངར་ལྕགས་རྒྱུ་ཆའི་ཐོག་འཕེན། ཀྲང་ཀོང་ཧྭ་ཡིས་ཧ་ཡང་ལྕགས་བསྲེས་མའི་བཟོ་གྲྭ་བཙུགས་པའི་ཉམས་མྱོང་ཡོད་པར་བརྟེན། ལྕགས་དང་ངར་ལྕགས་བཟོ་གྲྭ་དེ་ལོ་གཉིས་ཀྱང་མི་འགོར་བར་བཙུགས་ཐུབ་པ་བྱུང་སོང་ཞེས་བཤད། ཐོན་སྐྱེད་ལོ་གཅིག་བྱས་རྗེས། བཟོ་གྲྭའི་ཕན་འབྲས་སྔོན་དཔག་ལས་ཡག་པ་བྱུང་ཞིང་། ལོ་དེར་ལོ་རེར་ལྕགས་དང་ངར་ལྕགས་ཏུན་ཁྲི་20ཐོན་སྐྱེད་བྱེད་པ་དང་ཉིན་ལྟར་ལྕགས་དབོར་མཁན་གྱི་རླངས་འཁོར་བཟོ་གྲྭའི་ཕྱིར་རུ་གྲལ་བསྒྲིགས་ནས་སྡོད་ཀྱི་ཡོད།
          ཐོན་སྐྱེད་ཀྱི་འགན་འཁུར་མཁན་ཅིང་ལི་ཁྲེང་གིས་གསར་འགོད་པར། ང་ཚོའི་བཟོ་གྲྭས་སྔོན་ཐོན་གྱི་ལྕགས་བཙོ་སྦྱངས་སྒྲིག་ཆས་ནང་འདྲེན་བྱས་པ་དང་ཆབས་ཅིག ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་བསྒར་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་སྦགས་བཙོག་བཟོ་རྒྱུ་སྔོན་འགོག་བྱས་ཡོད། སྤུས་ཚད་ཀྱང་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པས། ས་གནས་དེའི་ལས་གྲྭ་མང་པོ་ཞིག་གིས་ང་ཚོའི་རྒྱུ་ཆ་སྤྱོད་ཀྱི་ཡོད་ཅེས་བརྗོད་བྱུང་། ཁོང་གིས་ཨར་ཅི་རི་ཡར་ཟོག་རོ་བསྡུ་བའི་གོམས་གཤིས་མེད། བཟོ་གྲྭ་བཙུགས་རྗེས་ང་ཚོས་ལྕགས་རོ་ཚུར་བསྡུས་ནས་ལས་སྣོན་བྱས་པར་བརྟེན་ད་ཆ་ལྕགས་རོ་གང་བྱུང་དུ་དབྱུགས་མཁན་མེད་པར་འགྱུར་ནས་ས་གནས་དེའི་ཁོར་ཡུག་ལ་སྲུང་སྐྱོང་ཡང་ཐུབ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།