འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དམག་ཁུལ་ཁང་གི་དཔུང་སྡེ་མང་ཆེ་བར་གསོ་རླུང་ཐད་ཀར་མཁོ་འདོན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཆ་སྙོམས་ས་བབ་སྨི་4000ཡན་གྱི“དཀའ་ཚེགས་ཆེ་བའི་ཁུལ”དུ་བཅའ་སྡོད་བྱས་ཡོད་པ་དང་ས་ཆ་དེའི་མཁའ་རླུང་ནང་གསོ་རླུང་འདུས་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ཀྱི་ 60%ལས་ཟིན་གྱི་མེད། ས་མཐོར་གསོ་རླུང་བཟོ་བའི་མ་གནས་མཐོ་བ་དང་གསོ་རླུང་དབོར་འདྲེན་གྱི་དུས་ཚོད་རིང་བ། གསོ་རླུང་གསོག་ཚད་ལ་ཚད་བཀག་ཡོད་པ་སོགས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་པས། དུས་ཡུན་རིང་པོའི་ནང་ནད་ཕོག་ནས་སྨན་ཁང་དུ་སྡོད་པའི་དཔོན་དམག་ལ་མ་གཏོགས་གསོ་རླུང་རྔུབ་པའི་གོ་སྐབས་ཐོབ་ཀྱི་མེད། དེར་བརྟེན་གསོ་རླུང་ལ་དཔོན་དམག་ཚོས“སྲོག་སྐྱོབ་ཀྱི་གསོ་རླུང”ཞེས་བརྗོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་90ཡི་དུས་མཇུག་ཏུ་དེ་སྔའི་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་དང་འཕྲོད་བསྟེན་པུས་ས་བབ་མཐོ་བའི་ས་ཁུལ་དུ་བཅའ་སྡོད་བྱེད་མཁན་དཔོན་དམག་ལ་གསོ་རླུང་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། གསོ་རླུང་བཟོ་ཆས་ཆུང་ངུ་ཞིག་ཞིབ་བཟོ་དང་བཀོད་སྒྲིག་བྱས་ཀྱང་བོད་དུ་བཅའ་སྡོད་བྱེད་མཁན་དཔུང་སྡེ་མང་བ་དང་བཅའ་སྡོད་བྱ་ཡུལ་ཁ་ཐོར་ཡིན་པའི་ཁར་གསོ་རླུང་བཟོ་ཆས་ལ་སྐྱོན་ཤོར་རྗེས་ཉམས་བཟོ་བྱེད་དཀའ་བས་རྒྱ་ཆེའི་དཔོན་དམག་ལ་གསོ་རླུང་མི་འདང་བའི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་མེད།
         བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་ས་མཐོའི་ནད་རིགས་ཁོའོ་ཡི་ཀྲུའུ་རེན་ཧོང་ཞུའེ་ཝུན་གྱིས་ངོ་སྤྲོད་བྱས་པར། དུས་ཡུན་རིང་པོར་གསོ་རླུང་མི་འདང་བའི་ཁོར་ཡུག་ནང་མི་འཚོ་སྡོད་བྱས་ཚེ། ཁྲག་གར་པོར་འགྱུར་བ་དང་ཁྲག་དམར་ཕྲ་ཕུང་མང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཐོན་ནས་སྙིང་དང་། མཁལ་མ། ཀླད་པ་སོགས་དབང་པོར་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། དེར་བརྟེན་དུས་བཀག་ནང་གསོ་རླུང་བརྔུབས་ཚེ་ཁྲག་འཁོར་རྒྱུག་ལ་ཕན་ལ་གསོ་རླུང་མི་འདང་བ་ལས་ཐོན་པའི་ས་མཐོའི་ནད་ཕོག་ཚད་ཀྱང་ཉུང་དུ་འགྲོ་གི་ཡོད།
         དཔོན་དམག་རྣམས“སྲོག་སྐྱོབ་ཀྱི་གསོ་རླུང”རྔུབ་ཐུབ་པ་བྱ་ཆེད། བོད་དམག་ཁུལ་ཁང་གིས་ཉེ་བའི་ལོ་ལྔའི་ནང་ཆ་སྙོམས་ས་བབ་སྨི་2900ཡན་གྱི་བཅའ་སྡོད་བྱ་ཡུལ་དུ་གསོ་རླུང་བཟོ་ཁང་སྔ་རྗེས་སུ་བསྐྲུན་ནས་གཞུང་དོན་ཁང་དང་ཉལ་ཁང་ནང་གསོ་རླུང་ཐད་ཀར་གཏོང་གི་ཡོད། དེ་དང་ཆབས་ཅིག ཁོང་ཚོས་ད་དུང་འཇིག་རྟེན་འཕུར་སྐྱོད་གསོ་རིག་འདུ་འགོད་ཞིབ་འཇུག་སུའོ་དང་མཉམ་དུ་འགག་སྒྲོལ་བྱས་ཏེ་ས་མཐོའི་ཐང་འཐབ་དམག་མིར་གསོ་རླུང་བཟོ་ཆས་ཞིབ་བཟོ་བྱས་པ་དང་འབྲེལ་ནག་ཆུ་དང་། ལྷོ་ཁ། གཞིས་རྩེ། ཆབ་མདོ་སོགས་ཀྱི་བཅའ་སྡོད་དམག་དཔུང་ཚན་པར་མཐོ་གནོན་གསོ་རླུང་ཁང་་བསྐྲུན་པས་ལྗོངས་ཡོངས་ཀྱི་དཔུང་སྡེར་གསོ་རླུང་མཁོ་འདོན་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དུ་གྱུར་ཡོད།
         བོད་དམག་ཁུལ་ཁང་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་པུའུ་ཀྲང་ཀྲང་ཝུན་ལུང་གིས“གསོ་རླུང་བཟོ་ཁང་འབོར་ཆེན་བསྐྲུན་པ་དང་སྤྱོད་འགོ་ཚུགས་པ་དེས་དཔོན་དམག་ཚོས་གཟུགས་པོའི་དགོས་མཁོ་གཞིར་བཟུང་། གཟུགས་པོའི་ནང་གསོ་རླུང་འདུས་ཚད་མང་དུ་བཏང་སྟེ་གཟུགས་པོ་དྲག་སྐྱེད་མྱུར་པོ་བྱུང་ནས་དཔོན་དམག་གི་སྦྱོར་བརྡར་དང་ལས་སྒྲུབ་ལ་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་ཐུབ”ཅེས་བཤད།
         བོད་དམག་ཁུལ་ཁང་གི་དཔུང་སྡེའི་མཛོད་ཁང་དང་ཞིང་ར་སོགས་ཁ་ཐོར་ཚན་པ་ཉུང་ཤས་ཕུད། དཔུང་སྡེ་མང་ཆེ་བར་གསོ་རླུང་མཁོ་འདོན་བྱས་ཡོད་པས་དེས་དཔུང་སྡེའི་་སྦྱོང་བརྡར་གྱི་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད། གསར་འགོད་པས་བོད་དམག་ཁུལ་ཁང་སྦྱོང་བརྡར་སྡེ་ཚན་ནས་ཤེས་རྟོགས་བྱས་པར། གསོ་རླུང་སྒྲིག་ཆས་བསྒར་བས་དམག་མིའི་སྦྱོང་བརྡར་སྦྱངས་འབྲས་ཀྱང་སྤྱིར་ན་ལེགས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།