འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོ་ཁུལ་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་རྒྱུར་གཞོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱས་ནས་ལོ་གཉིས་སོང་རིང་། མཚོ་སྔོན་ཞིང་ཆེན་གྱིས་འབྱུང་རྩའི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་བ་དང་། བློ་ཁོག་ཆེན་པོས་ཚོད་ལྟ་དང་ལས་དོན་ཏན་ཏིག་སྤེལ་ནས་གཙང་གསུམ་ཆུ་འགོ་ཁུལ་དུ་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། སྣོད་བཅུད་སླར་གསོ་བཅོས་སྐྱོང་ཁུལ། རང་བྱུང་གནའ་ཤུལ་ས་ཆ་བཅས་གཞི་གཅིག་ཏུ་འདུས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་རིམ་གྱིས་བསྐྲུན་ཡོད་པ་རེད།
          གཙང་གསུམ་ཆུ་འགོ་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། འདི་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཁུལ་དང་། ཨེ་ཤེ་ཡའི་ཆུ་རྩ་གསོ་འཁྱོངས་ཁུལ་དང་དེ་བཞིན་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། འདི་ཁུལ་དུ་རྩ་ཆེའི་སྲོག་ཆགས་རིགས་ཧ་ཅང་མང་བས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ས་ཁོངས་ཀྱི་གྲས་ཤིག་ཡིན་པ་རེད། 2016ལོའི་ཟླ་6པར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ཐེངས་དང་པོ་དེ་ཁུལ་དུ་བྱེད་འགོ་ཚུགས་པ་རེད།
          ལོ་གཉིས་རིང་། ཚོད་ལྟ་བྱེད་སྐབས་གླིང་ཁུལ་དང་འབྲེལ་བ་ཡོད་པའི་རྫོང་4ཡི་སྣོད་བཅུད་འབྲེལ་ཡོད་སྡེ་ཚན་25%ཁུ་བསྡུ་བྱས་པ་དང་འབྲེལ་གསོ་སྦྱོང་དང་ལེན་བྱེད་མཁན་འབྲོག་པ་ཁྲི་1.72སྤྱི་གླིང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་། སྣོད་བཅུད་ཁྲིམས་ར་ཐོག་མ་དེ་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག མཐོ་སློབ་ཏུ་རྒྱལ་ཁབ་སྤྱི་གླིང་གི་ཆེད་ལས་བཀོད་སྒྲིག་ཐེངས་དང་པོ་བྱས་པ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་། ལག་རྩལ་ཚད་གཞིའི་ཕྱོགས་སྟོན། ཚད་གཞིའི་མ་ལག་རྩ་འཛིན་སོགས་ལམ་ལུགས་10ལྷག་ཙམ་བཟོས་ཡོད་པ་རེད།
         རང་བྱུང་སྲུང་སྐྱོང་ཁུལ་ནི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་བསྐྲུན་པའི་དམ་འཛིན་བྱ་གཞི་གལ་ཆེན་གཞན་ཞིག་ཡིན་ཞིང་། འབབ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པའི་ཆ་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་15.23ཟིན་པ་དང་། དེའི་གཤམ་དུ་རང་བྱུང་སྲུང་སྐྱོང་ཁུལ་18བཀོད་སྒྲིག་བྱས་ཡོད་པ་དེ་དག་གནས་མང་རྒྱ་ཆེ་བ་དང་ཁྲིམས་འཛིན་བྱེད་ཁོངས་ཆེ་བས་ལྐོག་རྔོན་དང་། ལྐོག་འཐུ། ལྐོག་གཅོད་བཅས་དང་དེ་བཞིན་ས་ཁོངས་སྒྲོལ་བའི་སྣོད་བཅུད་ཁྲིམས་འགལ་སོགས་ཀྱི་དུས་བབ་ཛ་དྲག་པོ་འཕྲད་ཡོད་པ་རེད།
         ཉེ་ལམ་ལོ་གཉིས་རིང་། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་རང་བྱུང་སྲུང་སྐྱོང་ཁུལ་མང་ཆེ་བར་སྣོད་བཅུད་མ་ལག་ནུས་པ་བསྐྱར་འཛུགས་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཡོད་ལ། སྔར་ཡོད་ཀྱི་རྒྱལ་ཁབ་ས་ཆ་དང་། ཉ་ལས། ནགས་ཚལ་སྤྱི་བདེ། ཁོར་ཡུག་ལྟ་ཞིབ། རྩྭ་ཐང་ལྟ་སྐུལ་དོ་དམ་སོགས་ཀྱི་སྣོད་བཅུད་ཁྲིམས་འཛིན་གྱི་འབྲེལ་ཡོད་སྡེ་ཚན་ཡང་བསྡུ་སྒྲིལ་དམ་ཟབ་ཐུབ་ཡོད་པ་རེད། གཞན་ཡང་། མཚོ་སྔོན་གྱིས་ཤིན་ཅང་དང་། བོད་ལྗོངས། ཀན་སུའུ་སོགས་ས་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་དབར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རོགས་ལས་དྲན་ཐོ་དང་དེ་བཞིན་སྲུང་སྐྱོང་ཁུལ་གྱི་རོགས་ལས་མནའ་འབྲེལ་སྒྲིག་ཡིག་ལ་མིང་རྟགས་བཀོད་དེ་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དེ་སྔའི་ཁ་ཐོར་རྣམ་པ་དང་། ཁོངས་ཁུལ་རྣམ་པ། ཕྱོགས་རྐྱང་པའི་རྣམ་པ་བཅས་ཀྱི་དོ་དམ་བྱེད་ཐབས་ལ་འགྱུར་ལྡོག་བྱུང་ཡོད་པ་རེད།
         གཙང་གསུམ་ཆུ་འགོའི་སྣོད་བཅུད་ཞན་འགྱུར་ཁུལ་བསྐྱར་གསོ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུ་ནི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་སྐྲུན་པའི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་ཞིང་། གཙང་གསུམ་ཆུ་འགོ་ཁུལ་ལ་སྔོན་ཆད་སྣོད་བཅུད་ཞན་འགྱུར་གྱི་ཉེན་ཁ་ཆེན་པོ་འཕྲད་ཀྱང་། ཉེ་བའི་ལོ་གཉིས་རིང་། ས་གནས་དེས་ས་ཁོངས་ཧྲིལ་པོ་རང་བྱུང་སླར་གསོ་དང་ལས་གྲྭའི་བཅོས་སྐྱོང་གཉིས་ཟུང་དུ་འབྲེལ་བའི་སྣོད་བཅུད་སྲུང་སྐྱོང་བྱེད་ཐབས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ཐོག་སྣོད་བཅུད་བསྐྱར་གསོ་མ་དངུལ་སྒོར་དུང་ཕྱུར་20ཙམ་དོན་འཁྱོལ་བྱས་ནས་མི་ཐབས་ལ་བརྟེན་ནས་གསབ་འདེབས་དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། བྱེ་འགྱུར་ཅན་བཅོས་སྒྲིག་བཅས་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།
         རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་འབྲས་གསར་ཤོས་ལས་མངོན་པར་གཞིགས་ན། གཙང་གསུམ་ཆུ་འགོ་ཁུལ་གྱི་བྱེ་འགྱུར་ས་ཆར་སྔོ་ཁེབས་ཁྱབ་ཚད་དེ་སྔའི་སྣོད་བཅུད་ཞན་འགྱུར་ཚབས་ཆེ་ཤོས་སྐབས་ཀྱི་33.36%ནས་ད་ཆའི་40%བར་མཐོ་རུ་ཕྱིན་ནས། རྩྭ་སྐྱེ་ཚད་སྤྱི་ཆིང་རེར་སྤྱི་རྒྱ་3082ཟིན་པ་དང་། སྡོང་ཕྲན་ནགས་ཚལ་ཡང་ཇེ་སྟུག་ཏུ་འགྲོ་བཞིན་ཡོད་པ་རེད།
         རེ་ཞུ་ལེགས་གྲུབ་བྱུང་བ་ནས་ད་བར། ཁུ་ཁུ་ཤིས་རིས་དེ་སྔའི་གཙོ་བོ་མི་ཤུགས་ཀྱིས་སྐོར་སྲུང་བྱེད་པའི་སྲུང་སྐྱོང་བྱེད་སྟངས་བསྒྱུར་ནས་སྣོད་བཅུད་སློབ་གསོར་སྔར་བས་མཐོང་ཆེན་གྱིས་ས་གནས་ཁག་གི་དང་བླངས་པ་ཚོར་སྣོད་བཅུད་སྲུང་སྐྱོང་ལས་ཀར་ཞུགས་ཏེ་ས་གནས་དེ་གའི་བརྗིད་ཆགས་པའི་མཛེས་ལྗོངས་མྱོང་རོལ་བྱེད་བཞིན་སྣོད་བཅུད་འདུ་ཤེས་སེམས་ལ་ཟུག་པར་བྱ་རྒྱུའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།