འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མཐོ་གསར་ཁུལ་དུ་གསར་གཏོད་འཕེལ་རྒྱས་འགྲོ་ཚུལ་བཟང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ལོ་དཀྱིལ་བར་གྱི་དུས་ཚོད་ལ་ཕྱིར་མིག་ལྟ་སྐབས། རང་རྒྱལ་གྱི་རྒྱལ་ཁབ་མཐོ་གསར་ཁུལ་དང་པོ་ཡིན་པའི་ཀྲུང་ཀོན་གྲོང་ཚོའི་རྒྱལ་ཁབ་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་ནས་གྲགས་པའི་གཏམ་བཟང་དེ་མི་རྣམས་ལ་སྐུལ་མ་ཐེབས་དགོས་པ་ཞིག་ཡོད་པ་སྟེ། ཟླ་དང་པོ་ནས་ལྔ་པའི་བར། དཔེ་སྟོན་ཁུལ་གྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་19146.7ཟིན་ནས་དུས་མཚུངས་ལས་16.3%འཕར་བ་དང་། བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4113.9ཟིན་ནས་དུས་མཚུངས་ལས་9.1%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1439.5ཟིན་ནས་དུས་མཚུངས་ལས་26.6%འཕར་བ། དཔེ་སྟོན་ཁུལ་གྱི་ཁེ་ལས་ཀྱིས་ཁྱོན་ཁེ་བེད་བདག་ཐོབ་ཁག་27331རེ་ཞུ་བྱས་པ་དུས་མཚུངས་ལས་11.9%འཕར་བ་སོགས་ཀྱི་གྲུབ་འབྲས་བཟང་པོ་མང་དག་ཐོབ་ཡོད་པ་རེད།
         “ཀྲུང་ཀོན་གྲོང་ཚོའི་དཔེ་སྟོན་ཁུལ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཕྱིན་པ་ནི་རང་རྒྱལ་གྱི་རྒྱལ་ཁབ་མཐོ་གསར་ཁུལ་156འཕེལ་རྒྱས་གནས་ཚུལ་གྱི་མཚོན་ཚུལ་ཙམ་ཞིག་རེད”ཅེས་ཚན་རྩལ་པུའི་དཔལ་འབར་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲི་ཧུང་གིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་འདི་ལོ་ཚུན་དུ་རྒྱལ་ཁབ་མཐོ་གསར་ཁུལ་གྱི་དཔལ་འབྱོར་ཐད་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་ལ་ཕན་འབྲས་ལྡན་པ་རྒྱུན་འཁྱོངས་ཐུབ་པས་བརྟན་ཐོག་ཡར་བརྩོན་དང་བརྟན་ཐོག་ལེགས་བརྩོན་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ལ་རྒྱལ་དམངས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་ཐུབ་པ་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་ཀྱང་ཐེབས་ཡོད་ཅེས་བརྗོད་པ་རེད།
         གསར་གཏོད་བྱ་རྒྱུ་དེ་སྒུལ་ཤུགས་ཨང་དང་པོར་བརྩིས་ནས་དུས་གཅིག་ཏུ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་བྱས་པ།
         ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་མཐོ་གསར་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དེ་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་འགྲོ་བའི་འདེགས་གཞི་དང་འཕར་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། 2017ལོར། རྒྱལ་ཁབ་མཐོ་གསར་ཁུལ་156གི་GDPབསྡོམས་འབོར་སྒོར་དུང་ཕྱུར་ཁྲི་9.52ཟིན་ནས་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་11.5%བཟུང་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཁབ་མཐོ་གསར་ཁུལ་156ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་12.35བྱུང་ནས་དུས་མཚུངས་ལས་8.13%འཕར་བ་དང་། ཁེ་སྤོགས་གཙང་མ་སྒོར་དུང་ཕྱུར་7256ཟིན་ནས་དུས་མཚུངས་ལས་8.78%འཕར་ཡོད་པ་རེད།
         རྒྱལ་ཁབ་མཐོ་གསར་ཁུལ་གྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་མ་ཟད། ད་དུང་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་པོ་ཐོན་ཡོད་ཅིང་། མིག་སྔར་རྒྱལ་ཁབ་མཐོ་གསར་ཁུལ་དུ་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་5.2ཡོད་པ་དེས་རྒྱལ་ཡོངས་ཀྱི་38.2%བཟུང་ཡོད། རྒྱལ་ཁབ་མཐོ་གསར་ཁུལ་ལ་གསར་གཏོད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་དང་གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་གྲངས་7.09%ཟིན་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཚད་དང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་གྲངས་ཀྱི་ལྡབ་3.3རེད།
         གསར་གཏོད་ལས་གཏོད་ཀྱི་མ་ལག་ཉིན་རེ་བཞིན་བཟང་སྒྲིག་ཐུབ་ནས་དམ་ནན་གྱི་ཚན་རྩལ་དང་མདུན་སའི་ཚན་རྩལ་ཁེ་ལས་འབོར་ཆེན་ཐོན་པ།
         གསར་གཏོད་ལས་གཏོད་ཀྱི་མ་ལག་ཇི་ལྟར་ཡོད་མེད་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རྒྱལ་ཁབ་མཐོ་གསར་ཁུལ་འཕེལ་རྒྱས་འགྲོ་ཚུལ་གཏན་འཁེལ་ཐུབ་ཅིང་། ཉེ་ལམ་ལོ་ཤས་རིང་། རྒྱལ་ཁབ་མཐོ་གསར་ཁུལ་གྱིས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་བརྒྱུད་རིམ་ནང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ནས“སྔོན་སྐྱོད་དང་སྔོན་ལ་ཚོད་ལྟ་བྱེད་པའི”སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་གསར་གཏོད་ལས་གཏོད་ཀྱི་མ་ལག་རྒྱུན་ཆད་མེད་པར་བཟང་སྒྲིག་བྱས་པས་རྣམ་གྲངས་ཆེ་མོ་དང་ཚོང་འགུག་ཆེན་པོར་བརྟེན་རྒྱུ་གཙོ་བོར་བྱས་པའི་ཁྱབ་བྱེད་རྣམ་པའི་འཕར་རྒྱུ་ནས་ལས་གཏོད་དང་སྐྱོང་སྤེལ་ལ་དེ་བས་མང་བ་བརྟེན་པའི་འཕེལ་རྒྱས་ཕྱོགས་སུ་བསྒྱུར་ཡོད་པ་རེད།
         མཐོ་གསར་ཐོན་ལས་ཀྱི་འབྱུང་གནས་ཐོན་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་དཔེ་སྟོན་དམག་གསོ་སྐྱོང་བྱས་པ།
         ཐོན་ལས་དང་གྲོང་ཁྱེར་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་མཐོ་གསར་ཁུལ་ནི་མཐོ་གསར་ཐོན་ལས་ཐོན་རྒྱུར་སྐུལ་འདེད་གཏོང་བའི་འབྱུང་གནས་ཤིག་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་དཔེ་སྟོན་དམག་ཅིག་དེ་བས་ཡིན་ཞིང་། ཉེ་ལམ་ལོ་ཤས་རིང་། རྒྱལ་ཁབ་མཐོ་གསར་ཁུལ་གྱིས་ཚན་རྩལ་གསར་གཏོད་དང་། གླིང་ཁུལ་དཔལ་འབྱོར་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནང་གནས་ཆོས་ཉིད་ལ་བརྩི་སྲུང་ཞུས་པས་འཕེལ་རྒྱས་རྐྱང་པ་ནས་ཚན་རྩལ་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་སྟངས་ལ་བསྒྱུར་ཡོད། རྒྱལ་ཁབ་མཐོ་གསར་ཁུལ་གྱིས་ཚན་རྩལ་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཞི་མཐུན་གོང་འཕེལ་གྱི་དེང་རབས་གྲོང་གསར་ཧུར་ཐག་བཏོད་དེ་བཟོ་ལས་ཅན་གྱི་འགྲོ་ལམ་གསར་པ་འཚོལ་ཞིབ་བྱས་པ་དང་འབྲེལ་དེང་རབས་ཅན་གྱི་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་དཔེ་གཞན་སྟོན་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་མཐོ་གསར་ཁུལ་གྱིས་སྒོ་དབྱེ་རྣམ་པའི་གསར་གཏོད་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་པ་དང་རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ཆེ་རུ་བཏང་སྟེ་རང་བརྟེན་འཕེལ་རྒྱས་ནས་གོ་ལ་ཧྲིལ་པོའི་གསར་གཏོད་ཐོན་ཁུངས་བསྡུ་སྒྲིལ་མཉམ་སྤྱོད་བྱ་རྒྱུར་བསྒྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།