མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་2018
ལོའི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་སྣོད་བཅུད་ཤེས་དཔལ་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་དང་ལྗང་མདོག་ཁྱིམ་གཞིས་བསྐྲུན་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་ཕུགས་འདུན་ཞིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རང་བྱུང་དང་ལྗང་མདོག་འཕེལ་རྒྱས་ལ་གུས་བཀུར་བྱེད་པའི་སྣོད་བཅུད་མ་ལག་ཅིག་ཆགས་པ་བྱས་ཏེ་གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ངེས་རེད། ད་ཐེངས་ཀྱི་གླེང་སྟེགས་ལོ་ཚོགས་དེས“སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པར་བསྐྱོད། སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་པས་ཕྱོགས་ཁག་གི་ངོས་འཛིན་གཅིག་སྒྲིལ་ཡོང་བ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཕན་པ་ཡོད་པ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཐོག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་དར་སྤེལ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།