འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས“རླབས་ཆེན་གྱི་རི་འགོག་དམག་འཁྲུག་དང་
    རླབས་ཆེན་གྱི་སྙིང་སྟོབས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། མི་རིགས་ཧྲིལ་པོའི་རི་འགོག་དམག་འཁྲུག་ལངས་ནས་ལོ་81འཁོར་བའི་སྐབས་ཀྱི་ཟླ་7ཚེས་7ཉིན། ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་ཁང་གིས་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་རིགས་ཀྱི་དྲན་གསོ་ཁང་21དང་ཐུན་མོང་ཐོག“རླབས་ཆེན་གྱི་རི་འགོག་དམག་འཁྲུག་དང་རླབས་ཆེན་གྱི་སྙིང་སྟོབས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ཐོག་རི་འགོག་དམག་འཁྲུག་གི་ལོ་རྒྱུས་རིག་པའི་ལས་རིགས་ཀྱིས་འཐབ་ས་མདུན་མའི་ཞིབ་འཇུག་འབྲས་བུ་འབོར་ཆེན་ཞིག་བསྡུས་ནས་ཉེ་བའི་ལོ་ཤས་རིང་འཚོལ་བསྡུ་བྱས་པའི་རི་འགོག་དམག་འཁྲུག་སྐབས་ཀྱི་རིག་དངོས་དང་། ཡིག་ཚགས། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་བཅས་འབོར་ཆེན་དང་། དེ་བཞིན་རྒྱལ་ཡོངས་ས་ཁུལ་ཁག་གི་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་རྩ་ཆེའི་རིག་དངོས་འགྲེམས་སྟོན་བྱས་པ་དང་།
        མི་སེམས་འགུལ་ལ་སྙིང་ཁོངས་རུས་པའི་གཏིང་དུ་ཟུག་པའི་རི་འགོག་དམག་འཁྲུག་གི་གཏམ་རྒྱུད་རེ་རེའི་ཐོག་ནས་ལྟད་མོ་བ་ཚོར་རི་འགོག་དམག་འཁྲུག་གི་སྙིང་སྟོབས་མངོན་པར་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་དེ་ཁྱོན་ཆ་ཤས་བཞི་ལ་དབྱེ་བ་དང་། རིག་དངོས་དང་། པར་རིས། རི་འགོག་དམག་འཁྲུག་སྐབས་ཀྱི་ནང་མིའི་འཕྲིན་ཡིག དཔེ་རིས། དེ་བཞིན་སྒྱུ་རྩལ་གྱི་ཇུས་འགོད་སྣ་ཚོགས་སོགས་ཀྱི་མཚོན་ཐབས་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་དྲོན་བཏོན་ནས་རི་འགོག་བྱས་པའི་གཏམ་རྒྱུད་ཤོད་རྒྱུ་རྣམ་པར་བྱས་ཏེ་རླབས་ཆེའི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་མངོན་པར་བྱས་ཡོད་པ་རེད།
         ཆ་ཤས་དང་པོ་ནི། རྒྱལ་ཁབ་དར་རྒུད་ཇི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དེ་ཡིན་པ་དང་། དེ་ནི་ཀྲུའུ་ཏེ་སྐུ་ངོ་མས་བྲིས་གནང་བའི་རི་འགོག་དམག་འཁྲུག་གི་དམ་བཅའ་དང་། ཡུན་ནན་ནུབ་ཕྱོགས་ཀྱི་མང་ཚོགས་ཁྲི་ཚོ་20ཡིས་རང་སྲོག་བློས་བཏང་ནས་ཡུན་ནན་གྱི་གཞུང་ལམ་ཉམས་བཟོ་བྱེད་པ་སོགས་ཀྱི་གཏམ་རྒྱུད་བརྒྱུད་མི་རིགས་ཀྱི་ཉམས་ཉེན་མདུན་དུ་སྤུན་ཟླ་ཡོངས་ཀྱི“མེས་རྒྱལ་སྲུང་སྐྱོབ་བྱེད་རྒྱུ་ནི་རང་ཉིད་ཀྱི་རྩོད་མེད་འགན་འཁྲི་ཡིན་པའི”མི་རིགས་ཀྱི་འདུ་ཤེས་ལ་བརྟེན་ནས་མཉམ་དུ་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་ཐབས་བྱེད་དགོས་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་། ཆ་ཤས་གཉིས་པ་ནི། འཆི་བ་ཡུལ་ལོག་དང་། ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ་དེ་ཡིན་པ་དང་། དེ་ནི་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་》གསར་རྩོམ་བརྒྱུད་རིམ་དང་ཡུལ་དམག་ཏོན་མན་ཆིང་དང་ཨ་མས་དཔའ་ངར་ཆེན་པོས་དགྲ་བོ་བསད་པའི་དཔའ་བོའི་བྱས་རྗེས་གཙོ་གནད་ཐོག་མངོན་པར་བྱས་ཏེ་རི་པིན་བཙན་འཛུལ་པའི་བཤས་གྲིར་གདོང་གཏུག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི“དགྲ་བོའི་མེ་སྒྱོགས་ལ་མི་འཛེམས་པར་མདུན་དུ་སྐྱོད་རྒྱུ”དང་དབང་ཤུགས་ལ་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པ། ཆ་ཤས་གསུམ་པ་ནི། གཏུམ་བཙན་ལ་མི་སྐྲག་པ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་བོའི་དཔའ་ཉམས་དེ་ཡིན་པ་དང་། དེ་ནི་ཤིན་སི་ཅུན་གྱིས་ཀྲུང་ཧྭ་དབུས་རྒྱུད་དུ་དཔུང་སྐྱོད་བྱེད་པ་དང་། ལའོ་མའོ་རི་བོའི་དཔའ་བོ་དྲུག “དཔའ་ངར་ཅན་བརྒྱད་བརྒྱ”ཡིས་སི་ཞིང་བང་མཛོད་སྲུང་བ་སོགས་ཀྱི་དགྲ་བོ་འགོག་པའི་བྱས་རྗེས་གཙོ་གནད་ཐོག་མངོན་པར་བྱས་ཏེ་ཀྲུང་གོའི་དམག་དམངས་ཀྱིས་དགྲ་བོའི་མེ་སྒྱོགས་ཀྱི་མདུན་དུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་། འཆི་སྐྱོན་གྱི་མདུན་དུ་བདེན་དོན་ལ་ཕྱིར་བཤོལ་མི་བྱེད་པ། ཀྲུང་གོ་མི་དམངས་ཀྱི“ལངས་ནས་ཤི་དགོས་བྱུང་ཡང་ཉལ་ནས་གཏན་ནས་མི་སྡོད་པ”བཙན་འཛུལ་པ་དང་དམར་འཛིང་མཐའ་འཁྱོལ་གྱི་དམ་བཅའ་བཞག་པའི་དཔའ་བོའི་དཔའ་ཉམས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པ། ཆ་ཤས་བཞི་པ་ནི། ཐེངས་བརྒྱ་ཕམ་ཡང་ཡིད་ཐང་མི་ཆད་པ་དང་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དེ་ཡིན་པ་དང་། དེ་ནི《རྨ་ཆུའི་གླུ་གཞས་མཉམ་གཏོང་ཆེན་པོའི》གསར་རྩོམ་དང་། རི་འགོག་དམག་འཁྲུག་གི་གནས་གཞིའི་ས་ཁུལ་དམག་དོན་བཟོ་ལས་ཀྱི་གསར་གཏོད་དང་དར་རྒྱས། ཁྲུང་ཆིང་དུ་འབར་མདེལ་ཤུགས་ཆེན་དབྱུག་རྗེས་ཁང་རོ་གྱང་གོག་གི་སྟེང་དུ་བྲིས་པའི་རི་འགོག་གི་བསྒྲགས་གཏམ་སོགས་ཀྱི་གཏམ་རྒྱུད་གཙོ་གནད་ཐོག་མངོན་པར་བྱས་ཏེ་ཀྲུང་གོ་མི་དམངས་ཀྱིས་ཡུན་རིང་རི་འགོག་བྱེད་རིང་དཔའ་ངར་ཞུམ་མེད་ངང་དགྲ་བོར་འགོག་རྒོལ་བྱེད་པ་དང་། “རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་བྱས་ནས་རི་པིན་འདྲེ་དམག་ཀྲུང་གོ་ནས་ཕྱིར་འབུད་བྱེད་པ”རི་འགོག་མཐའ་འཁྱོངས་དང་ཡུན་རིང་རི་འགོག་གི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པ་བཅས་སོ།
         ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་1000ཟིན་པ་དང་། ཁྱོན་བསྡོམས་པར་རིས་120ལྷག་ཙམ་དང་། རིག་དངོས་སྣ་ཁ་281འགྲེམས་སྟོན་བྱས་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་སྣ་ཁ་27ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།