འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་སྤྱོད་ས་ཆ་དང་འཛུགས་སྐྲུན་ས་ཆའི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁར་དོ་དམ་ཚོད་འཛིན་
    གྱི་ཚད་གཞི་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྣོད་བཅུད་ཁོར་ཡུག་པུས་《ས་རྒྱུའི་ཁོར་ཡུག་སྤུས་ཚད་དང་ཞིང་སྤྱོད་ས་ཆའི་ས་རྒྱུ་སྦགས་བཙོག་གི་ཉེན་ཁར་དོ་དམ་ཚོད་འཛིན་གྱི་ཚད་གཞི(ཚོད་ལྟའི་ལག་བསྟར)》(གཤམ་ལ་《ཞིང་སྤྱོད་ས་ཆའི་ཚད་གཞི་》ཞེས་བསྡུ་རྒྱུ)དང་《ས་རྒྱུའི་ཁོར་ཡུག་སྤུས་ཚད་དང་འཛུགས་སྐྲུན་ས་ཆའི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁར་དོ་དམ་ཚོད་འཛིན་གྱི་ཚད་གཞི(ཚོད་ལྟའི་ལག་བསྟར)》(གཤམ་ལ་《འཛུགས་སྐྲུན་ས་ཆའི་ཚད་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཞིང་སྤྱོད་ས་ཆ་རིགས་དབྱེ་དོ་དམ་དང་འཛུགས་སྐྲུན་ས་ཆ་ཆོག་འཐུས་དོ་དམ་ལ་ལག་རྩལ་གྱི་འདེགས་སྐྱོར་བྱ་རྒྱུ་རེད། དེ“ས་ཆའི་དོན་ཚན་བཅུ”ལག་བསྟར་དོན་འཁྱོལ་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་མི་འཚོ་སྡོད་ཁོར་ཡུག་གི་བདེ་འཇགས་འགན་ལེན་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
             རང་རྒྱལ་གྱི་《ས་རྒྱུའི་ཁོར་ཡུག་སྤུས་ཚད་ཚད་གཞི་》1995ལོར་ཁྱབ་བསྒྲགས་ཀྱིས་ལག་བསྟར་བྱས་ཚུན། ས་རྒྱུའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། “དུས་བབ་འགྱུར་ལྡོག་འགྲོ་བ་དང་སྦྲགས་ཚད་གཞི་དེའང་ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁར་དོ་དམ་ཚོད་འཛིན་གྱི་དགོས་མཁོ་དང་འཚམ་གྱི་མེད་ལ་འཛུགས་སྐྲུན་ས་ཆར་སྤྱོད་རྒྱུ་ཡང་འཚམ་གྱི་མེད་པས་མིག་སྔའི་ས་རྒྱུའི་ཁོར་ཡུག་དོ་དམ་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད”ཅེས་སྣོད་བཅུད་ཁོར་ཡུག་པུའི་ས་རྒྱུའི་ཁོར་ཡུག་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས་བཤད།
            2016ལོའི་ཟླ་5པར“ས་ཆའི་དོན་ཚན་བཅུ”ཁྱབ་བསྒྲགས་བྱས་ནས་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཐད་སྔོན་འགོག་གཙོ་བཟུང་མཐའ་འཁྱོངས་བྱེད་དགོས་པ་དང་། སྔོན་ལ་སྲུང་སྐྱོང་བྱེད་དགོས་པ། ཉེན་ཁར་དོ་དམ་ཚོད་འཛིན་བྱེད་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད། འབྲེལ་ཡོད་འགན་འཁུར་བ་དེས“《ཞིང་སྤྱོད་ས་ཆའི་ཚད་གཞི》དེས་རང་རྒྱལ་གྱི་ས་རྒྱུའི་ཁོར་ཡུག་གི་ཁྱད་ཆོས་དང་ས་རྒྱུའི་སྦགས་བཙོག་གི་གཞི་རྩའི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས་ཞིང་སྤྱོད་ས་ཆ་རིགས་དབྱེའི་དོ་དམ་ལ་ཞབས་འདེགས་ཞུ་རྒྱུ་རེད། 《འཛུགས་སྐྲུན་ས་ཆའི་ཚད་གཞི་》དེས‘ས་ཆའི་དོན་ཚན་བཅུ’ཡི་མི་འཚོ་སྡོད་ཁོར་ཡུག་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ནས་མི་ལུས་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ཚད་གཞི་བཟོས་ཡོད”ཅེས་བཤད་པ་རེད།
             ཉེན་ཁ་དོ་དམ་ཚོད་འཛིན་གྱི་བསམ་ཕྱོགས་གཞིར་བཟུང་། 《ཞིང་སྤྱོད་ས་ཆའི་ཚད་གཞི་》དང《འཛུགས་སྐྲུན་ས་ཆའི་ཚད་གཞིའི་》ནང་ཉེན་ཁར་གདམ་གསེས་ཀྱི་བསྡུར་གྲངས་དང་ཉེན་ཁའི་དོ་དམ་ཚོད་འཛིན་གྱི་བསྡུར་གྲངས་ཞེས་པའི་ཐ་སྙད་བཏོན་ཡོད། དེ་ཆུ་དང་མཁའ་རླུང་གི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་གཏན་འཁེལ་བྱེད་པ་ཙམ་མིན་པར་ཉེན་ཁ་གདམ་གསེས་དང་རིགས་དབྱེ་བྱེད་པ་ཞིག་རེད། དེ་ས་རྒྱུའི་ཁོར་ཡུག་དོ་དམ་གྱི་ནང་གནས་ཆོས་ཉིད་དང་དེ་བས་མཐུན་ལ་ཞིང་སྤྱོད་ས་ཆ་དང་འཛུགས་སྐྲུན་ས་ཆ་བདེ་འཇགས་ངང་བེད་སྤྱོད་བྱ་རྒྱུར་དེ་བས་ཚན་རིག་དང་ལུགས་དང་མཐུན་པའི་ངང་ཁྲིད་སྟོན་བྱེད་ཐུབ།
             འགན་འཁུར་བ་དེས་ངོ་སྤྲོད་བྱས་དོན། ཉེན་ཁའི་གདམ་གསེས་ཀྱི་བསྡུར་གྲངས་ཞེས་པ་ནི་ས་རྒྱུའི་ཁྲོད་སྦགས་བཙོག་དངོས་པོ་འདུས་ཚད་བསྡུར་གྲངས་དེ་དང་མཚུངས་པའམ་ཡང་ན་དམའ་བར་ཟེར། སྤྱིར་བཏང་གི་གནས་ཚུལ་འོག་བདེ་ཐང་གི་ཉམས་ཉེན་ཞེས་པར་སྣང་འཇོག་མ་བྱས་ན་འགྲིག ཉེན་ཁའི་དོ་དམ་ཚོད་འཛིན་གྱི་བསྡུར་གྲངས་ཞེས་པ་ནི་ས་རྒྱུའི་ཁྲོད་སྦགས་བཙོག་དངོས་པོ་འདུས་ཚད་ཚོད་འཛིན་བསྡུར་གྲངས་དེ་ལས་བརྒལ་བར་ཟེར། དེ་མི་ལུས་བདེ་ཐང་ལ་རྒྱུན་དུ་དང་ལེན་བྱེད་མི་རུང་བའི་ཉེན་ཁ་ལྡན་པ་ཞིག་རེད། ས་རྒྱུའི་ནང་སྦགས་བཙོག་དངོས་པོ་འདུས་ཚད་གདམ་གསེས་ཀྱི་བསྡུར་གྲངས་དང་དོ་དམ་ཚོད་འཛིན་བསྡུར་གྲངས་དབར་གནས་པའི་ཞིང་སྤྱོད་ས་ཆའི་རིགས་ཞིང་ལས་ལག་རྩལ་སྙོམས་སྒྲིག་ཚོད་འཛིན་དང་ཚབ་བྱེད་འདེབས་འཛུགས་སོགས་བདེ་འཇགས་བེད་སྤྱོད་བྱ་ཐབས་སྤྱད་ནས་ཞིང་ལས་ཐོན་རྫས་ཀྱི་ཚད་བརྒལ་ཉེན་ཁ་དམའ་རུ་གཏོང་དགོས་པ་དང་འཛུགས་སྐྲུན་ས་ཆའི་རིགས་སྔར་བས་བརྟག་དཔྱད་ཞིབ་ཕྲ་དང་ཉེན་ཁ་ཚོད་སྐོར་བྱས་ནས་ཉེན་ཁ་དོ་དམ་ཚོད་འཛིན་ནམ་ཡང་ན་བཅོས་སྒྲིག་ཉམས་བཟོ་བྱེད་དགོས་མིན་དབྱེ་འབྱེད་བྱེད་དགོས།
            “ས་ཆའི་དོན་ཚན་བཅུའི”ནང་ཞིང་སྤྱོད་ས་ཆ་དེ་སྔོན་དུ་སྲུང་སྐྱོང་བྱེད་དགོས་པའི་རིགས་དང་། བདེ་འཇགས་བེད་སྤྱོད་རིགས། དོ་དམ་ཚོད་འཛིན་ནན་པོ་བྱེད་དགོས་པའི་རིགས་བཅས་སུ་དབྱེ་དགོས་པའི་བླང་བྱ་བཏོན་ཡོད། འགན་འཁུར་བ་དེས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཟུར་ཚད་ཐོག་ནས་《ཞིང་སྤྱོད་ས་ཆའི་ཚད་གཞིས་》ཁད་དང་། དངུལ་ཆུ། སེན། ཞ། ཁིར་བཅས་ལྕི་བའི་ལྕགས་རིགས་ལྔ་ལ་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་པའི་བསྡུར་གྲངས་བཟོས་ཡོད། སྣོད་བཅུད་ཁོར་ཡུག་པུས་ཞིང་ལས་གྲོང་གསེབ་པུའུ་དང་མཉམ་དུ་ཞིང་སྤྱོད་ས་ཆའི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ཀྱི་རིགས་དབྱེའི་ལག་རྩལ་ཕྱོགས་སྟོན་བཟོས་ནས་ཁྱབ་བསྒྲགས་བྱས་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།