འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་སྟོད་རྒྱུད་དུ་2018ལོའི་འབྲུབ་ཆུ་ཨང་དང་པོ་ཐོན་པ་དང་མཚོ་སྔོན་དང་བོད་ལྗོངས་
    ཀྱི་ས་ཆ་ཁག་གཅིག་ལ་དྲག་ཆར་དང་འབྲུབ་ཆུའི་གནོད་འཚེ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཁག་གཅིག་ཉེན་བརྡའི་ཚད་ལས་བརྒལ་ནས་འབྲུབ་ཆུ་ཐོན་ཏེ་ཟླ་7ཚེས་5ཉིན་གྱི་ཆུ་ཚོད་དྲུག་པ་ཙམ་ལ་འགག་གསུམ་ཆུ་མཛོད་དུ་ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་5000ཟིན་ཏེ་འབྲི་ཆུའི་སྟོད་རྒྱུད་དུ་2018ལོའི་འབྲུབ་ཆུ་ཨང་དང་པོ་ཐོན་པ་རེད།
               ཟླ་5ཚེས་11ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཆུ་བེད་པུས་འབྲུབ་འགོག་འཕྲལ་སྡོམ་རིམ་པ་བཞི་པ་དང་ལེན་ཞུས་ནས་འབྲེལ་ཡོད་ཞིང་ཆེན(གྲོང་ཁྱེར)གྱི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ལ་འགན་འཁྲི་དོན་འཁྱོལ་དང་། འཕྲལ་སྡོམ་ལས་རེས། ཆུ་རགས་ལ་སྐོར་ཞིབ། ལས་གྲྭའི་བཀོད་གཏོང་། རི་ཉིལ་བ་སྔོན་འགོག གྲོང་ནང་གི་ཞོད་སྐྱོན་འགོག་པ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ཉེན་ཁ་མྱུར་སེལ་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
             མིག་སྔར་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་གསུམ་གྱིས་འབྲི་ཆུའི་ཆུ་ལོག་སྔོན་འགོག་གི་འཐབ་ས་མདུན་མར་གཞོགས་འདེགས་བྱས་ནས་ས་གནས་ཀྱི་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཤིང་། སི་ཁྲོན་དང་། ཧྲའན་ཤིས་སོགས་ཞིང་ཆེན་གྱི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་དུས་ཐོག་ཏུ་འཕྲལ་སྡོམ་དང་ལེན་ཞུས་ནས་འབྲུབ་འགོག་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཡོད་ལ་ཚན་རིག་དང་མཐུན་པའི་ངང་ཆུ་བེད་ལས་གྲྭ་བཀོད་གཏོང་ཡག་པོ་བྱས་ནས་ཞན་ཆའི་ལྷུ་ཚིགས་དང་གནད་འགག་ཆེ་སའི་སྐོར་གཡེང་འགོག་སྲུང་ལས་དོན་དང་འབྲུབ་འགོག་གི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མི་སྣ་དང་ལས་གྲྭར་བདེ་འཇགས་ཡོང་བ་བྱས་པས། མིག་སྔའི་བར་ཉེན་ཁ་དང་གནོད་འཚེའི་གནས་ཚུལ་དང་མི་སྣ་འཆི་རྨས་ཀྱི་སྙན་སེང་གནས་སྐབས་འབྱོར་མེད་པ་རེད།
              མཚོ་སྔོན་དང་བོད་ལྗོངས་ཀྱི་ས་ཆ་ཁག་གཅིག་ལ་དྲག་ཆར་བབས་ནས་འབྲུབ་ཆུ་ཐོན་ཡོད། ཟླ་7ཚེས་1ནས་ཚེས་2ཉིན་བར། མཚོ་སྔོན་གྱི་ས་ཆ་ཕལ་མོ་ཆེར་ཆར་པ་རྒྱུན་མཐུད་བབས་པ་མ་ཟད་ཁག་གཅིག་ལ་དྲག་ཆར་བབས་ནས་ཆར་པ་བབས་མང་ཤོས་ཟི་ལིང་གྲོང་ཁུལ་དུ་ཧའོ་སྨི་71ཟིན་ཡོད། དྲག་ཆར་བབས་པ་དེས་ཞིང་ཆེན་ནང་ཁུལ་གྱི་ས་ཆ་ཁག་གཅིག་ལ་ཆེ་ཆུང་མི་འདྲ་བའི་གནོད་འཚེ་ཕོག་པ་དང་ཟི་ལིང་གྲོང་ཁུལ་གྱི་གཞུང་ལམ་མང་པོ་ཞིག་ལ་ཆུ་འཁྱིལ་ཡོད། མཚོ་ལྷོ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ལ་རྩྭ་ར་མུའུ་7800དང་། ལྕགས་དྲ་རིང་ཚད་སྟོང་སྨི་16.25 གྲོང་ཚོ་རིམ་པའི་གཞུང་ལམ་སྤྱི་ལེ་31.5 བཅས་ཆུས་འཁྱེར་བ་དང་ཁང་མིག་16བརྡིབས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྱི་མི་སེར་གྱི་ཁང་པ་དང་། རྩྭ་ར། ལམ་ངོས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ཡོད། གེགས་བར་བྱུང་བའི་ས་གནས་ཁག་གིས་དུས་ཐོག་ཏུ་འཕྲལ་སྡོམ་བཀོད་སྒྲིག་བྱས་པས་མི་འཆི་རྨས་ཀྱི་སྙན་སེང་འབྱོར་མེད་པ་རེད།
              ཟླ་6ཚེས་28ནས་ཟླ་7ཚེས་3ཉིན་བར། བོད་ལྗོངས་ཀྱི་ནག་ཆུ་དང་། གཞིས་རྩེ། ལྷ་ས་སོགས་ས་ཁུལ་ཁག་གཅིག་ལ་ཆར་པ་ཆུང་བ་ནས་འབྲིང་བ་བར་བབས་པ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་བབས་ཤིང་། ས་ཁུལ་ཁག་གཅིག་ལ་དྲག་ཆར་བབས་པའི་རྐྱེན་གྱིས་ནག་ཆུའི་སྦྲ་ཆེན་རྫོང་དང་སོག་རྫོང་གི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གནོད་འཚེ་ཕོག་ཀྱང་མི་འཆི་རྨས་ཀྱི་གནས་ཚུལ་གང་ཡང་བྱུང་མེད། བོད་རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་སྔོན་བརྡ་བཏང་སྟེ་ཆར་པ་མ་བབ་གོང་གི་སྔོན་འགོག་ལས་དོན་ལ་བཀོད་སྒྲིག་བྱས་ཏེ། གེགས་བར་བྱུང་བའི་ས་ཁུལ་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གེགས་བར་བྱུང་བའི་མང་ཚོགས་འཕྲལ་མར་གནས་སྤོ་བྱས་ཤིང་། ད་ཆ་ས་གནས་ཁག་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་ཁ་སེལ་བཞིན་ཡོད་པ་དང་གེགས་བར་བྱུང་བའི་གནས་ཚུལ་ཞིབ་ཕྲར་བསྡོམས་རྩིས་རྒྱག་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།