འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཆུ་འགོའི་པན་ཏེ་མཚོར་ཁྲུང་ཁྲུང་མགོ་ཁྲའི་རིགས་བརྟན་པོའི་ངང་སླར་གསོ་བྱུང་ནས་
    ལོ་6ནང་གྲངས་འབོར་ལྡབ་2ཙམ་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་དང་དམངས་ཁྲོད་ཀྱི་མཉམ་ཤུགས་སྲུང་སྐྱོང་འོག འབྲི་ཆུའི་ཆུ་འགོའི་པན་ཏེ་མཚོ་ཁུལ་གྱི་ཁྲུང་ཁྲུང་མགོ་ཁྲའི་རིགས་བརྟན་པོའི་ངང་སླར་གསོ་བྱུང་ནས་གྲངས་འབོར་དེ་2012ལོའི་1178ནས་ད་ཆའི་3195བར་མང་དུ་ཕྱིན་ཡོད་པ་རེད།
              ཁྲུང་ཁྲུང་མགོ་ཁྲ་ནི་འཛམ་གླིང་ཐོག་འཕུར་མཐོ་ཤོས་ཀྱི་འདབ་ཆགས་རིགས་ཤིག་ཡིན་པ་དང་། གོ་ལ་ཧྲིལ་པོར་ད་ཡོད་གྲངས་འབོར་ཧ་ལམ་ཁྲི་7ཡང་ཟིན་གྱི་མེད། འབྲི་ཆུའི་ཆུ་འགོའི་ཁུལ་དུ་ཆུ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4.5ལས་མེད་པའི་པན་ཏེ་མཚོ་ནི་འདབ་ཆགས་དེ་རིགས་འཚོ་སྡོད་བྱེད་སའི་ཆེས་གཅིག་སྡུད་ཀྱི་ས་ཁོངས་ཤིག་ཡིན་པ་དང་། ཁྱབ་ཚད་གོ་ལ་ཧྲིལ་པོའི་རིགས་གཅིག་པའི་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་མཐོ་བ་ཡོད་པས་རིག་གཞུང་ལས་རིགས་ཀྱིས“ཁྲུང་ཁྲུང་མགོ་ཁྲའི་དགའ་ཚལ”ཞེས་བརྗོད་ཀྱི་ཡོད། དུས་རབས་གོང་མའི་དུས་མཇུག་ཏུ་ཁྲིམས་འགལ་བས་ལྐོག་རྔོན་དང་སྒོ་ང་རྐུ་བ་སོགས་ཀྱི་བྱེད་སྤྱོད་སྤེལ་བ་ལས་སྐབས་ཤིག་རིང་ས་ཆ་དེ་གའི་ཁྲུང་ཁྲུང་མགོ་ཁྲའི་རིགས་ཀྱི་གྲངས་འབོར་གློ་བུར་དུ་ཉུང་དུ་ཕྱིན་ཡོད་པ་རེད།
             ཤེས་རྟོགས་བྱས་པར་གཞིགས་ན། 2012ལོར། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་སྲིད་གཞུང་གིས་འབྲེལ་ཡོད་སྲུང་སྐྱོང་བརྡ་ཁྱབ་བཏང་བ་དང་འབྲེལ། འབྲོག་པའི་སྐོར་སྲུང་རུ་ཁག་བཙུགས་ནས་སྣོད་བཅུད་ཁྲིམས་འགལ་བར་བཀག་འགོག་དང་རྡུང་རྡེག་ཚ་ནན་གཏོང་འགོ་ཚུགས་པ་དང་དུས་མཚུངས་དམངས་ཁྲོད་སྣོད་བཅུད་རྩ་འཛུགས་དང་མཉམ་ལས་བྱས་ཏེ་པན་ཏེ་མཚེའུའི་ས་ཁུལ་གྱི་ཁྲུང་ཁྲུང་མགོ་ཁྲའི་རིགས་ལ་བརྒྱུད་རིམ་ལྡན་པའི་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་རེད།
            ལྗང་མདོག་གཙང་ཆུའི་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་ཚོགས་འདུའི་འགན་འཁུར་བ་ཡང་ཤིན་གྱིས་ལོ་ལྟར་གྱི་ཟླ་4པའི་ཟླ་དཀྱིལ་དུ་རྒྱ་གར་དང་ནེ་པ་ལ་སོགས་ཀྱི་ས་ཆར་དགུན་སྒྲོལ་བྱས་རྗེས་ཁྲུང་ཁྲུང་མགོ་ཁྲ་ཁག་གཅིག་ཧེ་མ་ལ་ཡའི་རི་རྒྱུད་དུ་འཕུར་ནས་པན་ཏེ་མཚོར་རྒྱུད་སྤེལ་དང་སྒོ་ང་གཏོང་བར་སླེབས་ཀྱི་ཡོད། སྐབས་དེ་དུས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་ལེན་བྱེད་མྱོང་བའི་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྣོད་བཅུད་དང་བླངས་པ་ཚོགས་ཆུང་ཁག་5ལ་བགོས་ནས་མཚོ་ངོགས་སུ་སྒར་བརྒྱབ་སྟེ་སྐོར་སྲུང་བྱེད་ཀྱི་ཡོད། དེ་དང་དུས་མཚུངས། ས་ཁོངས་ཁག་གི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ལ་གནད་སྨིན་ལྟ་དཔྱད་ཚད་འཇལ་དང་བསྡོམས་རྩིས་ཞིབ་ཚགས་བྱེད་ཀྱི་ཡོད། ལས་དོན་དེ་ཟླ་དྲུག་པར་བྱ་ཕྲུག་དོན་རྗེས་གཞི་ནས་མཇུག་སྒྲིལ་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
            “2012ལོར། སྣོད་བཅུད་དང་བླངས་པས་ས་ཆ་དེ་གར་ལྟ་དཔྱད་ཚད་འཇལ་བྱས་ནས་བསྡོམས་རྩིས་བྱས་པའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་1178ནས་མིག་སྔའི་3195བར་མང་དུ་ཕྱིན་ནས་དུས་མཚུངས་ལས་ལྡབ་2ཙམ་འཕར་ཡོད”ཅེས་ཡང་ཤིན་གྱིས་བརྗོད་པ་དང་། ལོ་མང་རིང་རྒྱལ་ཡོངས་སུ་རིམ་རྩིས་ལྟར་ན་དང་བླངས་པ་200ལྷག་ཙམ་གྱིས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་པན་ཏེ་མཚོར་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་གྱི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་འབྲོག་པའི་བདག་སྐྱོང་པ་དང་ས་ཆ་དེ་གའི་སྲིད་གཞུང་དང་མཉམ་དུ་ཁྲུང་ཁྲུང་མགོ་ཁྲའི་སྲུང་སྐྱོང་ཐད་འབད་བརྩོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།