འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གར་གྱི་སྐྱེ་སྟོབས་སླར་ཡང་རྒྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ལོ་95ལ་ཕེབས་པའི་ཕུན་ཚོགས་གཡུལ་རྒྱལ་དང་ལོ་80ལ་ཕེབས་པའི་བཀྲ་ཤིས་ཚེ་རིང་རྣམ་གཉིས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གར་གྱི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད། ཉེ་དུས་བོད་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གར་གྱི་རྒྱལ་ཁབ་རིམ་པའི་ཁྲིད་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོག་སྐབས་ཁོང་རྣམ་གཉིས་ཀྱིས་དགེ་ཕྲུག་བཞི་ཉར་གནང་བ་དེས་གནའ་བོའི་གར་གྱི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་ཞིག་བསྣན་ཡོད་པ་རེད།
           གར་ནི་བོད་ཀྱི་དམངས་ཁྲོད་དང་། དགོན་སྡེ། ཕོ་བྲང་བཅས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་དེར་བོད་ཀྱི་ལོ་རྒྱུས་དང་། རོལ་དབྱངས། ཞབས་བྲོ། དམངས་སྲོལ་སོགས་ལ་ཞིབ་འཇུག་བྱ་རྒྱུར་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད། གར་ལས་བོད་ཀྱི་གནའ་བོའི་གླུ་གར་གྱི་རྣམ་པ་ཚོར་ཐུབ་ལ་བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་ཡུལ་གོམས་གཤིས་ལུགས་ཀྱང་ཤེས་ཐུབ། གར་འདི་2007ལོར་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་གཉིས་པའི་མིང་གཞུང་ནང་བཅུག་པ་དང་། 2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་གཉིས་པའི་མིང་གཞུང་ནང་བདམས་པ་རེད།
          དགེ་ཕྲུག་གསར་པ་ཉར་བའི་བཀྲ་ཤིས་ཚེ་རིང་གིས“ད་ཆ་ང་ཚོས་གར་སྲུང་སྐྱོང་བྱེད་བཞིན་ཡོད་པས་རྒྱུན་འཛིན་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། གར་ནི་རང་རེའི་གངས་ལྗོངས་ས་མཐོའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་རེད། ད་ཆ་རྒྱུན་འཛིན་བྱེད་མཁན་ན་གཞོན་ཡོད་པས་ང་ཚོས་གང་ཤེས་པ་ཐམས་ཅད་བསླབས་ཏེ་ཁོང་ཚོར་སློབ་སྦྱོང་བྱེད་ཞོར་འཁྲབ་སྟོན་དང་རྒྱུན་འཛིན་ཡང་བྱེད་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་སྤོབས་པ་ཆེན་པོའི་ངང་བཤད།
          བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པར“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གར་གྱི་ཁྲིད་སྦྱོང་རྟེན་གཞིའི”མཚན་སྙན་སྤྲད་པ་རེད། དཔལ་ལྡན་དབང་ཕྱུག་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། ཁོང་གིས་ལོ་མང་རིང་ལྷ་མོའི་གཞུང་ལ་ཉམས་ཞིབ་བྱས་པར་བརྟེན་ད་རེས་དགེ་ཕྲུག་གྲལ་དུ་ཚུད་པའི་བགོ་སྐལ་ཐོབ་ཅིང་། ཁོང་གིས“ཁྲིད་སྦྱོང་རྟེན་གཞི་བཙུགས་པ་དང་། དགེ་ཕྲུག་བསྡུས་པ་དེས་གར་གྱི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པས། གར་གྱི་འཁྲབ་རྩལ་ཡག་པོ་སྦྱངས་ནས་རྒྱུན་འཛིན་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།
          ད་ཆ་བོད་ལྗོངས་ཀྱིས་གར་གྱི་སྒྱུ་རྩལ་རྣམ་གྲངས་ཀྱི་དཔྱད་གཞི་བསྡུ་རུབ་ལེགས་སྒྲིག་དང་། རྒྱུན་འཛིན་པའི་ས་ནས་མྱུར་སྐྱོབ་ཀྱི་ཟིན་བྲིས་འབྲི་བ། རྗེས་རབས་གར་པ་གསོ་སྦྱོང་བྱེད་པ་སོགས་ཀྱི་ལས་དོན་སྤེལ་འགོ་བརྩམས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།