འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྣམ་གྲངས་137བོད་ལྗོངས་ཀྱི་ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་
    དཔེ་མཚོན་རྣམ་གྲངས་མིང་གཞུང་ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཉེ་དུས་རྣམ་གྲངས་137བོད་ལྗོངས་ཀྱི་ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྣམ་གྲངས་མིང་གཞུང་ནང་ཚུད་པར་དངོས་སུ་ཆོག་མཆན་བཀོད་ཡོད་ལ། མིག་སྔར་ཁག་ལྔ་པའི་ནང་རྣམ་གྲངས་460བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྣམ་གྲངས་མིང་གཞུང་ནང་ཚུད་ཡོད་པ་རེད།
         2017ལོར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཁག་ལྔ་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ས་གནས་ཁག་གིས་རེ་ཞུ་དང་ཆེད་ལས་མཁས་པ་དཔྱད་ཞིབ་ཚོགས་ཆུང་གིས་ཐོག་མའི་དཔྱད་འདེམས། རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་དང་དེ་བཞིན་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་པ་སོགས་གོ་རིམ་བརྒྱུད་ནས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་སྤྲད་པ་ཁྱོན་བསྡོམས་རྣམ་གྲངས་137མིང་གཞུང་ནང་ཚུད་ཡོད། དེ་དང་དུས་མཚུངས་སུ་འདི་ལོ་བོད་ལྗོངས་ཀྱི་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དཔེ་མཚོན་རྣམ་གྲངས་ཀྱི་དཔེ་མཚོན་རྒྱུན་འཛིན་པའི་མིང་གཞུང་ནང་རྒྱུན་འཛིན་པ་18ཚུད་ཡོད་པ་དང་། རྣམ་གྲངས་16《རྒྱལ་ཁབ་སྲོལ་རྒྱུན་གྱི་བཟོ་རྩལ་དར་རྒྱས་གཏོང་བའི་མིང་གཞུང་ཁག་དང་པོའི་》ནང་ཚུད་ཡོད་པ་རེད།
         ཚེས་9ཉིན་འཚོགས་པའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གངས་ཅན་གྱིས་བོད་ལྗོངས་ནི་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ། ཁྱད་ཆོས་མངོན་གསལ་དོད་པ། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་སྟེང་མི་རིགས་ཁག་གི་མི་དམངས་ཚོས་རྣམ་པར་བཀྲ་བའི་མངོན་མིན་རིག་གནས་ཤུལ་བཞག་གཏོད་པ་དང་། ཐུན་མོང་མ་ཡིན་པའི་ས་མཐོའི་ངོ་མཚར་ཆེ་བའི་རིག་གནས་འཛུགས་སྐྱོང་བྱས་ཡོད། འདི་ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་བོད་ལྗོངས་ཀྱི་ས་གནས་ཁག་ཏུ“སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་དང་མཛེས་སྡུག་ལྡན་པའི་འཚོ་བ”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་ཁག་80ཙམ་དུས་གཅིག་ཏུ་སྤེལ་ནས། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།