འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་
    འབྲེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ཀྱིས་འགོ་ཁྲིད་གཉིས་དབར་གྱི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་ཕྱིན་པ་དང་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་འགྲོ་འོང་གི་དཔེ་དབྱིབས་གསར་པ་བཏོད་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་བ་དེས་ས་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་དང་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་གསུངས་པ་རེད།
          དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏིས་ཉིན་ཤས་གོང་ཝུའུ་ཧན་དུ་དངོས་གཞི་མིན་པའི་མཇལ་འཛོམས་གནང་བ་དེ་ནི་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པས་རྣམ་པ་དེའི་རིགས་ཀྱི་དངོས་གཞི་མིན་པའི་མཇལ་འཛོམས་གནང་ཐེངས་དང་པོ་དེ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་མཇལ་འཛོམས་ཀྱི་གྲུབ་འབྲས་དང་དོན་སྙིང་ལ་གདེང་འཇོག་ཇི་ལྟར་བྱེད་དམ་ཞེས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཟླ་4ཚེས་27ཉིན་དང་ཚེས་28ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏིས་ཝུའུ་ཧན་དུ་དངོས་གཞི་མིན་པའི་མཇལ་འཛོམས་གནང་བ་རེད། འགོ་ཁྲིད་གཉིས་པོས་བག་ཕེབས་དང་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་མ་གསང་ལྷུག་གླེང་གིས་སྤེལ་རེས་གནང་བ་དང་། རྒྱལ་སྤྱིའི་དུས་བབ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་སོགས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། འགོ་ཁྲིད་གཉིས་པོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་ཀྲུང་གོ་དང་རྒྱ་གར་གྱི་ལོ་རྒྱུས་གནས་བབ་སྔར་བས་གསལ་སྟོན་གནང་བ་དང་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གལ་ཆེའི་མཛུབ་ཁྲིད་ཀྱི་རྩ་དོན་སྔར་བས་གཏན་འཁེལ་གནང་བ། ཀྲུང་གོ་དང་རྒྱ་གར་གྱི་ཕྱོགས་ཡོངས་མཉམ་ལས་ཀྱི་བརྗིད་ཆེའི་འཆར་གཞི་སྔར་བས་བཏིང་གནང་བ་བཅས་རེད། འགོ་ཁྲིད་གཉིས་པོས་ད་དུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མཇལ་འཛོམས་ཀྱི་ངོས་འཛིན་གཅིག་མཐུན་ལ་གཞིགས་ནས་ཞིབ་ཕྲའི་ལས་དོན་གྱི་འཆར་འགོད་དང་ལག་བསྟར་གོ་རིམ་འདོན་རྒྱུར་མཛུབ་སྟོན་གནང་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་ད་ཐེངས་ཀྱི་དངོས་གཞི་མིན་པའི་མཇལ་འཛོམས་ཀྱི་རྣམ་པ་གསར་རྐྱང་ཡིན་པ་དང་། དོན་སྙིང་གལ་ཆེན་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ། སྤེལ་རེས་གཏིང་ཟབ་པ། མིག་སྔར་གཞི་ཚུགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་རེད། དེས་འགོ་ཁྲིད་གཉིས་པོའི་དབར་གྱི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་འགྲོ་འོང་གི་དཔེ་དབྱིབས་གསར་པ་བཏོད་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་བ་དེས་ས་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་དང་འཕེལ་རྒྱས་ཐད་ལའང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་གསུངས་པ་རེད།
         “ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་གང་མགྱོགས་དོན་འཁྱོལ་བྱས་ནས་ད་ཐེངས་ཀྱི་མཇལ་འཛོམས་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་འདོད་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།