འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་བདེ་འཇགས་ལས་དོན་སློབ་གསོར་བརྟེན་ནས་
    རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་གྱི་གནས་བབ་མངོན་གསལ་དོད་སར་
    འཇོག་དགོས་བརྗོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་སློབ་གྲྭའི་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས་1ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སློབ་གྲྭའི་བདེ་འཇགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་སློབ་གྲྭ་གནས་བཟོད་བདེ་ཤོས་དང་བདེ་འཇགས་ཆེ་ཤོས་ཀྱི་གནས་ཤིག་ཏུ་ཏན་ཏིག་ངང་བསྐྲུན་ཏེ་སློབ་གསོའི་ཁོངས་གཏོགས་བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་ངེས་པར་དུ་བདེ་འཇགས་ལས་དོན་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་གྱི་གནས་བབ་མངོན་གསལ་དོད་སར་བཞག་ནས་དུས་དང་རྣམ་པ་ཀུན་ཏུ་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་དགོས་ཞེས་བརྗོད། གཅིག་ནས་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་བདེ་འཇགས་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་སློབ་གྲྭའི་བདེ་འཇགས་ལས་དོན་ཐད་ཐོན་པའི་གནས་ཚུལ་གསར་པ་དང་། ཁྱད་ཆོས་གསར་པ། གནད་དོན་གསར་པ་བཅས་ལ་དབྱེ་ཞིབ་ནན་ཏན་བྱས་ནས་གསར་དུ་ཐོན་པའི་བདེ་འཇགས་ཁྱབ་ཁོངས་ལ་དོ་སྣང་བྱེད་པ་དང་། གཏུམ་སྤྱོད་འཇིགས་སྐུལ་རིང་ལུགས་དང་། མི་རིགས་ཁ་ཕྲལ་ཕྱོགས་གཏོགས། ཆོས་ལུགས་ཀྱི་ཐལ་སྐྱོད་ཕྱོགས་གཏོགས། ནུབ་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་བཅས་ཀྱིས་རང་རྒྱལ་གྱི་བདག་དབང་དང་ཆབ་སྲིད་བདེ་འཇགས་ཐད་འཇིགས་སྐུལ་ཚབས་ཆེན་བཟོ་བར་ངོས་འཛིན་གསལ་པོ་བྱེད་དགོས་པ། གསུམ་ནས་ཁྲིམས་ལྟར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་གི་ཐབས་ལམ་དང་བྱ་ཐབས་བརྒྱུད་སློབ་གྲྭ་དང་སློབ་མའི་བདེ་འཇགས་དང་འབྲེལ་བའི་དོན་རྐྱེན་ཐག་གཅོད་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་བདེ་འཇགས་ལས་དོན་སྤྱི་པའི་བདེ་འཇགས་མ་ལག་ནང་འཇུག་པ། སྤྱི་ཚོགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གྲྭ་གནས་ཡུལ་དང་། སློབ་གྲྭའི་ཉེན་རྟོག་པ། སློབ་གྲྭ་ཚང་མ་མཉམ་འགུལ་མཉམ་འགོག་མཉམ་བཅོས་ལ་སྐུལ་མ་གཏོང་བ། ཆ་འཕྲིན་ཅན་གྱི་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་དང་ཚོད་འཛིན་བཅས་བྱེད་དགོས་པ། བཞི་ནས་སློབ་གྲྭའི་བདེ་འཇགས་ཐད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ལས་འཛོལ་ཐག་གཅོད་དང་ཉེན་ཁ་སེལ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ། ལྔ་ནས་སློབ་གྲྭའི་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ལ་མ་ལྷུངས་སྔོན་འགོག་དང་། སློབ་གྲྭ་ཚུགས་གྲོལ་གྱི་འགྲིམ་འགྲུལ། འཕྲོད་བསྟེན་དང་བཟའ་བཅའི་བདེ་འཇགས་སོགས་རྒྱུན་གཏན་གྱི་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་སློབ་གྲྭའི་ནང་ཕན་ཚུན་དབར་བརྙས་བཅོས་དང་། གཏུམ་སྤྱོད། སློབ་གྲྭའི་ནང་སློབ་མས་བུ་ལོན་གཡར་བ་སོགས་གླེང་མང་བའི་དཀའ་གནད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།