འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་
    སྐོར་གླེང་བའི་》དེབ་བསྒྲིགས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་པའི་མཚམས་སུ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་》དེབ་དང་པོ་དང་གཉིས་པ་ཉེ་ཆར་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་དཔེ་དེབ་དང་ཚགས་པར་འགྲེམས་སྟེགས་ཐོག་བསྒྲིགས་ཡོད་པར་རྒྱལ་ཁབ་ཕྱི་ནང་གི་མི་སྣའི་དགའ་བསུ་ཐོབ་པ་རེད།
         “ང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་ལྟ་འདོད་ཆེན་པོ་ཡོད། ངས་དེབ་དང་པོ་བཀླགས་ཟིན། ད་ལྟ་གསར་དུ་འགྲེམས་སྤེལ་བྱས་པའི་དེབ་གཉིས་པ་གང་མགྱོགས་ཀློག་ནས་ཀྲུང་གོའི་འགོ་ཁྲིད་མི་སྣའི་བསམ་བློ་དང་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་ཤེས་འདོད་འདུག”ཅེས་ཚེས་2ཉིན་གྱི་སྔ་དྲོ་གསར་འགྱུར་ལྟེ་གནས་ནས་གསར་འགོད་པའི་ལག་ཁྱེར་ལེན་བཞིན་པའི་《ཨིར་ལན་གྱི་སྐབས་དོན་ཚགས་པར་》གྱི་གསར་འགོད་པ་ཁོ་ཕུའུ་ཏེ་ཡིས་བཤད།
         “《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་ཀློག་པ་དེས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འབྱུང་རིམ་དང་ནང་དོན་གཙོ་བོ་ཤེས་རྟོགས་བྱེད་པར་ཕན་ཐོགས་ཡོད།
         འདི་ལོའི་ཚོགས་འདུ་གཉིས་ནི་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཐེངས་དང་པོ་དེ་ཡིན་པས་ང་ཚོ་ཕྱི་ཁོངས་ཀྲུང་གོ་བ་ཚོས་འབྱུང་འགྱུར་གྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་མཛད་ཇུས་དང་འཆར་གཞིར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེའང་ང་ད་ཐེངས‘ཚོགས་འདུ་གཉིས་ལ་བཅར་འདྲི་བྱེད་པར’ཡོང་བའི་དམིགས་ཡུལ་ཡིན”ཞེས་ནེའུ་ཙི་ལན་གྱི་རྒྱ་མཚོ་ཆེན་པོའི་གླིང་ཆེན(རྒྱ་སྐད)བརྙན་འཕྲིན་ལས་ཁུངས་ཀྱི་ཐའེ་ཀྲང་ལུའུ་དབྱི་སི·ཕེང་གིས་གསར་འགོད་པར་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ནི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དེབ་གཉིས་པ་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་འདོན་ཐེངས་དང་པོ་རེད། གསར་འགྱུར་ལྟེ་གནས་ཀྱིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དེབ་གཉིས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་མ་དང་དེབ་དང་པོའི་སྐད་རིགས་7གྱི་དཔར་མ་ཚུད་པའི་རིམ་སྤེལ་དཔེ་དེབ་སྟོང་ལ་ཉེ་བ་དཔེ་ཀློག་ལ་གྲ་སྒྲིག་བྱས་ཡོད། “དཔེ་དེབ་བསྒྲིགས་མ་ཐག་ལམ་སེང་ཧབ་ཐོབ་རྒྱག་གི་འདུག”ཅེས་དེ་གའི་ལས་དོན་མི་སྣ་ཞིག་གིས་བཤད།
         འགྲེམས་སྟེགས་ཀྱི་མདུན་དུ་ཡུན་རིང་བསྒུགས་པའི་ཧྥ་རན་སེའི་《ཡོ་རོབ་སྐབས་དོན་ཚགས་པར་》གྱི་གསར་འགོད་པ་ཧོང་ཀོན་ཅེ་ལ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དེབ་གཉིས་པའི་རྒྱ་ཡིག་དཔར་མ་ཞིག་རག་པ་དང་ཁོང་གིས་ད་དུང་དེབ་གཉིས་པའི་ཧྥ་རན་སེའི་སྐད་ཡིག་གི་དཔར་མ་གང་མགྱོགས་དཔེ་སྐྲུན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་འདུག
         “《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དེབ་དང་པོའི་ཧྥ་རན་སེའི་སྐད་ཡིག་གི་དཔར་མ་ཧྥ་རན་སེར་དགའ་བསུ་ཆེན་པོ་ཐོབ་ནས་དཔེ་ཚོང་ཁང་མང་པོ་ཞིག་ཏུ་དཀོན་པོ་ཡོད”ཅེས་ཧོང་ཀོན་ཅེ་ཡིས་བཤད།
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དང་། 《ཀྲུང་གོའི་ལམ་བུ་》 《དེང་རབས་ཀྲུང་གོའི་གཞི་རིམ་དམངས་གཙོ་འཛུགས་སྐྱོང་》སོགས་འགྲེམས་སྟེགས་ཐོག་བསྒྲིགས་པའི་རྒྱ་ཡིག་དང་ཕྱི་རྒྱལ་སྐད་ཡིག་གི་དཔེ་དེབ་རེ་རེས་རྒྱལ་ཁབ་ཕྱི་ནང་གི་མི་སྣས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་ལྟ་བུ་ཡིན་པའི་ཚོགས་འདུ་གཉིས་བརྒྱུད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པའི་ཀྲུང་གོས་ཇི་ལྟར་བྱས་ཏེ་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་དུས་རབས་གསར་པའི་རྒྱུགས་ལན་གསར་པ་ཧུར་ཐག་འབྲི་བའི་ཆོད་སེམས་དང་བློ་སྟོབས་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་ཀྱི་ཡོད།
         ད་དུང་སྨྱན་སྦྱོར་མི་སྣས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དེབ་ལེན་ཐེངས་གཅིག་ལ་མང་པོ་བླངས་ཏེ“ཚོགས་འདུ་གཉིས”ལ་བཅར་འདྲི་བྱེད་པར་སླེབས་མེད་པའི་ལས་རིགས་གཅིག་པ་ཚོ་དང་མཉམ་སྤྱོད་བྱེད་རྩིས་ཡོད་པ་གསར་འགོད་པས་མཐོང་བྱུང་།
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་དང་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དེབ་དང་པོ་2014ལོར་རྩོམ་སྒྲིག་དཔེ་སྐྲུན་བྱས་ཤིང་། མིག་སྔར་དེབ་དེ་སྐད་རིགས་24དང་དཔར་མ་27དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་ཡོད། 2017ལོའི་ཟླ་11པར་འགྲེམས་སྤེལ་བྱས་པའི་དེབ་གཉིས་པ་ནི་དེབ་དང་པོ་དང་གཅིག་རྒྱུན་གཅིག་འཛིན་དང་གཅིག་གྱུར་ནུས་ལྡན་གྱི་སྤྱི་ཁོག་ཅིག་ཡིན་པ་དང་། གྲངས་གཞི་གསར་ཤོས་ལ་གཞིགས་ན། དེབ་གཉིས་པའི་རྒྱ་ཡིག་དང་དབྱིན་ཡིག་དཔར་མའི་དེབ་ཁྲི་1300ལྷག་ཙམ་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།