འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤེས་ལྡན་པ་ནང་འདྲེན་གྱི་བྱ་ཐབས་གསར་པར་བསྔགས་བརྗོད་བྱེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་04ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཡོན་ཧྲི་རུའེ་ཧྥེ་ཝེ་·མོ་རུང་ཝ་·ལ་མ་ཧོ་ཞུས་ལ་ཉེ་དུས་ཧོ་པེ་ཞིང་ཆེན་གྱི་《ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པའི་ཁས་ལེན་ཡི་གེ་》ཐོག་མ་དེ་རག་ཡོད། ཁོང་གིས་ཤེས་ལྡན་པའི་ཐོངས་མཆན་སྒྲུབ་པ་དང་འབྲེལ་ཧོ་པེ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དུ་དགེ་རྒན་བྱེད་པར་བསྐྱོད་རྒྱུ་རེད། ཉིན་ཤས་གོང་ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་ཤེས་ལྡན་པ་ནང་འདྲེན་གྱི་བྱ་ཐབས་གསར་པར་བསྔགས་བརྗོད་བྱས་པ་རེད།
         ན་ནིང་ཟླ་9པར་ལ་མ་ཧོ་ཞུས་ཀྱིས་ཧོ་པེ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དང་གན་རྒྱ་བཞག་ནས་གདན་ཞུས་ལྟར་ཧོ་པེ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་ཉིན་གང་ལམ་ལུགས་སློབ་ཁྲིད་ཀྱི་ཞའོ་ཀྲང་གཞོན་པ་དང་ལྷོ་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་འགན་འཁུར་བ་རེད། ལ་མ་ཧོ་ཞུས་ལྷོ་ཨ་ཧྥེ་རི་ཁའི་སྐད་རིགས་མང་པོ་ཞིག་བྱང་ཆུབ་པས་ཨ་ཧྥེ་རི་ཁར་སྐད་ཡིག་རིག་པའི་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
         “2015ལོར་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། རང་ཉིད་ཀྱི་ཡིད་ཀྱི་བརྟན་པ་མཛེས་སྡུག་ལྡན་པའི་ས་གཞི་འདིས་རྦད་དེ་འཕྲོགས་སོང་། འདི་ག་ནས་རིག་གནས་དང་བྱ་སྤྱོད་འཛིན་སྟངས་གསར་པ་མཐོང་བ་དང་ཉམས་མྱོང་ཐུབ་སོང་བས་རང་ཉིད་ཀྱི་ངོས་ནས་བརྗོད་ན། འདི་ནི་འཛམ་གླིང་གསར་པ་ཞིག་གི་རྒྱལ་སྒོ་ཕྱེ་བ་དང་གཉིས་སུ་མ་མཆིས”ཁོང་གིས“དེ་བས་གལ་འགངས་ཆེ་བ་ཞིག་ནི་ཀྲུང་གོ་མི་དམངས་ཀྱི་མཛའ་གྲོགས་དང་སེམས་རྩ་འཁོལ་བའི་གཤིས་རྒྱུད་ལས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་བརྗོད།
         ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། གནས་ཚུལ་དེ་ལྟ་བུའི་འོག་ལ་མ་ཧོ་ཞུས་ཀྱིས་ཨ་ཧྥེ་རི་ཁའི་སྐད་ཡིག་རིག་པ་ཞིབ་འཇུག་ཀྲུང་གོར་སྤེལ་རྒྱུ་ནི་ཉིན་བཞིན་ཁ་ཚ་དགོས་གཏུག་ཏུ་འགྱུར་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། “ད་ཆ་ལྷོ་ཨ་ཧྥེ་རི་ཁས་རྒྱ་ཡིག་རྒྱལ་དམངས་སློབ་གསོའི་མ་ལག་ཏུ་བཅུག་ཟིན། པི་ལེ་ཐོ་ལི་ཡ་སློབ་འབྲིང་དུ་ཕྲུ་གུ་ཚོས་ཉིན་བཞིན་གལ་འགངས་ཆེ་རུ་འགྲོ་བཞིན་པའི་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནི་ཧ་ཅང་ཡང་དག་པའི་ལམ་བུ་ཞིག་རེད”ཅེས་ལ་མ་ཧོ་ཞུས་ཀྱིས་བརྗོད་ཅིང་། ཁོང་གིས་རིག་གནས་ནི་སྐད་ཡིག་གི་ཁྲོད་དུ་རྩ་བ་ཚུགས་པ་ཞིག་ཡིན་ཞིང་། རང་ཉིད་ཀྲུང་གོར་ཨ་ཧྥེ་རི་ཁའི་སྐད་ཡིག་རིག་པ་སློབ་ཁྲིད་བྱེད་པར་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་ལ། ཀྲུང་གོ་བ་དེ་བས་མང་བས་སྔར་བས་གཏིང་ཟབ་པ་དང་དེ་བས་ལེགས་པའི་སྒོ་ནས་ཨ་ཧྥེ་རི་ཁའི་རིག་གནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
         ཁོང་གིས་ཀྲུང་གོས་ཤེས་ལྡན་པར་ཐོངས་མཆན་སྤྲོད་རྒྱུའི་སྒོ་མོ་ཕྱེ་བར་བསྔགས་བརྗོད་བྱེད་འོས་པ་ཞིག་རེད་ཅེས་བརྗོད། ཀྲུང་གོ་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་གོ་ལ་ཧྲིལ་པོའི་རིག་སྟོབས་ལྟེ་གནས་དང་གསར་གཏོད་ལྟེ་གནས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དེས་རྩེར་སོན་གྱི་ཤེས་ལྡན་པའི་ཡིད་དབང་འཕྲོག་ཤུགས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད། ལ་མ་ཧོ་ཞུས་ཀྱིས“ངས་ལྷོ་ཨ་ཧྥེ་རི་ཁའི་མཁས་དབང་ཁག་གཅིག་ལ་རང་ཉིད་ཀྲུང་གོར་ལས་ཀ་བྱེད་པར་བསྐྱོད་རྒྱུའི་སྐོར་རྗོད་སྐབས་ཁོང་ཚོས་ངའི་གློག་རྡུལ་སྦྲག་སྒམ་གྱི་ས་གནས་ཉར་ནས་ད་དུང་ང་ཚོའང་ཀྲུང་གོར་ལས་ཀ་བྱེད་པར་འགྲོ་འདོད་ཡོད་ཅེས་བརྗོད་བྱུང”ཞེས་བཤད།
         “ཤེས་ལྡན་པའི་ཡིད་དབང་བཀུག་པའི་ཀྲུང་གོའི་སྲིད་ཇུས་འདི་ཧ་ཅང་ཡག་པོ་འདུག སྒོ་མོ་ཕྱེ་བའི་ཤེས་ལྡན་པའི་སྲིད་ཇུས་ཀྱིས་རང་ངོས་སྟོབས་ཆེར་འགྲོ་བ་མ་ཟད། མི་གཞན་ཡང་སྟོབས་ཆེར་འགྲོ་ཐུབ”ཅེས་ལ་མ་ཧོ་ཞུས་ཀྱིས་བརྗོད་ཅིང་། ཁོང་གིས“སྒོ་མོ་ཕྱེ་བའི་རྩེར་སོན་ཤེས་ལྡན་པ་ནང་འདྲེན་གྱི་ལམ་ལུགས་བརྒྱུད་ཤེས་ལྡན་པ་དེ་བས་མང་བ་ཀྲུང་གོར་ཡོང་རྒྱུར་ཡིད་ཆེས་ཆེན་པོ་ཡོད་པ་ནི་དུས་ཀྱི་འཁོར་ཕྱོགས་རེད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།