འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“རིག་ནུས་སྨན་ཁང”བསྐྲུན་ཏེ་ཕྱིར་འགྲོ་མི་དགོས་པར་རིགས་གཅིག་
    མཁས་ཅན་བསྟེན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་ཉིད་ཀྱིས་ལག་ཐོགས་ཁ་པར་རམ་ཡང་ན་རྩིས་འཁོར་ནས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་པ་བསྟེན་རྒྱུའི་ཁ་ཆད་བྱ་ཆོག་ལ། CTགློག་པར་སོགས་གསོ་རིག་བརྟག་དཔྱད་སྤྱིན་ཤོག་བསྐུར་བ་ལས་ནད་གཞི་གང་ཡིན་དབྱེ་འབྱེད་རགས་ཙམ་དང་དྲ་རྒྱ་བརྒྱུད་ནས་ནད་དཔྱད་སྐོར་དྲི་ཆོག་པ་མ་ཟད། དྲ་ལམ་མ་བརྒྱུད་པར་སྨན་བཅོས་ཀྱི་ཁ་ཆད་ཀྱང་བྱ་ཆོག ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི“རིག་ནུས་སྨན་ཁང”གི་དྲ་རྒྱ་དངོས་སུ་སྤྱོད་འགོ་ཚུགས་པ་ལས་གོང་གསལ་གྱི་སྨན་བཅོས་མྱོང་རོལ་གསར་པ་དག་མཚོ་སྔོན་ས་མཐོར་དོན་དངོས་སུ་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “རིག་ནུས་སྨན་ཁང”རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཡན་ལག་ཀུང་སི། ཐེང་ཤུན་ཀུང་སི་བཅས་ཀྱིས་མཉམ་གཉེར་བྱས་ནས་བཏོན་པ་རེད། “རིག་ནུས་སྨན་ཁང”བརྒྱུད་ནད་པས་ལག་ཐོགས་ཁ་པར་དང་། རྩིས་འཁོར། རང་འགུལ་སྒྲིག་ཆས་སོགས་ཐབས་ལམ་མང་པོར་བརྟེན་ཏེ་དྲ་ཐོག་ནས་ཨང་ཀི་བཀག་པ་དང་། སྒོ་བསྟེན་གྱི་སྨན་རིན་སྤྲོད་པ། དྲ་ཐོག་ཏུ་ན་ཚ་འདྲི་བ། བརྟག་དཔྱད་སྙན་ཞུ་ལེན་པ། སྨན་ཁང་ལ་སྡོད་པའི་སྨན་རིན་སྔོན་ལ་སྤྲོད་པ་སོགས་ཀྱི་ལས་རིམ་ཧྲིལ་པོའི་སྟབས་བདེའི་སྨན་བཅོས་ཞབས་ཞུ་མྱོང་ཐུབ།
         “མཚོ་སྔོན་ས་མཐོའི་སྨན་བཅོས་ཞབས་ཞུའི་ཁྱབ་ཁོངས་ཆེ་བ་དང་། ལྷག་དོན་དུ་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་ནད་པས་སྨན་བཅོས་ཐོན་ཁུངས་སྤུས་དག་ལོངས་སྤྱོད་ཐུབ་དཀའ་ནའང་། ‘རིག་ནུས་སྨན་ཁང’གི་དྲ་སྦྲེལ་བརྒྱུད་ཚེ་རིམ་པ་བགོས་ནས་སྨན་བཅོས་བྱེད་པའི་འཆིང་རྒྱ་ལས་གྲོལ་ཐུབ་ལ། རྒྱང་ཁྲིད་སྨན་བཅོས་དེ་ཡང་སྨན་ཁང་གི་རྒྱང་ཁྲིད་ནད་དཔྱད་ཁང་ཙམ་དུ་མ་ལུས་པར་ཐག་རིང་ལུང་ཁུག་ཏུའང་ནད་པས་ཡུལ་དང་དུས་ལ་མ་བལྟོས་པར་དྲ་རྒྱ་དང་སྨན་པ་བརྒྱུད་དྲ་ལམ་དང་ཡང་ན་དངོས་སུ་སྤེལ་རེས་བྱས་ཏེ། ན་ཚའི་གནས་ཚུལ་སྔོན་ནས་ཤེས་རྗེས་རང་སར་སྨན་བཅོས་བྱེད་ཐུབ་པས། དེ་རྒྱང་ཁྲིད་སྒོ་བསྟེན་དང་གཉིས་མོས་ནད་དཔྱད་གཞན་སྒྱུར་སོགས་བྱེད་སྟངས་གསར་པ་འཚོལ་ཞིབ་ཀྱིས་བེད་སྤྱད་པ་ཞིག་རེད”ཅེས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཀྲང་ཝུའུ་ཧྲི་ཀྲེང་གིས་བཤད།
         “‘རིག་ནུས་སྨན་ཁང’གི‘དྲ་སྦྲེལ+སྨན་བཅོས་བདེ་ཐང’གི་སྨན་བཅོས་བྱེད་སྟངས་གསར་པས་སྲོལ་རྒྱུན་སྨན་བཅོས་ཀྱི་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་བཟོས་ནས་སྨན་ཁང་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་ཞིག་བཤངས་པ་དང་། དེས་སྨན་པ་དང་ནད་པའི་དབར་གྱི་འབྲེལ་བ་ཞི་མཐུན་ཡོང་བ་དང་། ས་ཕྱོགས་གང་དུའང་སྨན་བཅོས་ཞབས་ཞུ་བྱེད་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་སྐོར་གཟིགས་པ་གཞོན་པ་ཧྥུའུ་ཞུའེ་ལིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།