འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་
    གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས་66པ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་རྒྱལ་ཁབ་བཞིའི་ཁྲིམས་འཛིན་གྲུ་གཟིངས་ཀྲུང་གོའི་ཀོན་ལེ་གྲུ་ཁ་ནས་དལ་བུར་ཐོན་པ་དང་སྦྲགས་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས་66པ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད་པ་རེད།
         ད་རེས་ཀྱི་བྱ་སྤྱོད་ནི་2018ལོའི་འགོ་ཚུགས་སྐོར་གཡེང་ཡིན་ལ། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་འཚོགས་རྗེས་ཀྱི་སྐོར་གཡེང་ཐོག་མ་དེའང་ཡིན་པ་རེད།
         ཡུན་ནན་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ཆུ་ཐོག་ཉིང་ལག་རུ་ཁག་གི་འགན་འཁུར་བས་ད་རེས་ཀྱི་བྱ་སྤྱོད་ནང་རྒྱལ་ཁབ་བཞིས་བསྡོམས་ཁྲིམས་འཛིན་གྲུ་གཟིངས་7སྐོར་གཡེང་བྱེད་པར་བཏང་བ་དང་སྤྱིའི་ལམ་ཐག་སྤྱི་ལེ་500ལྷག་ཙམ་ཟིན་ཡོད། སྐོར་གཡེང་བྱེད་རིང་། རྒྱལ་ཁབ་བཞི་པོས་བཀོད་འདོམས་པ་བཏང་ནས་དཔུང་རུའི་བཀོད་འདོམས་གྲུ་གཟིངས་53901རྟགས་ཅན་ཐོག་མཉམ་དུ་ལས་དོན་བསྒྲུབ་རྒྱུ་རེད་ཅེས་བཤད།
         མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་དཔུང་རུས་འབྲེལ་ཡོད་ཆུ་ཁོངས་སུ་ཆུ་ཐོག་དང་སྐམ་སའི་མཉམ་འབྲེལ་ཞིབ་དཔྱད་དང་། མཉམ་འབྲེལ་འདྲི་རྩད། བདེ་འཇགས་དུས་བབ་རྟོག་ཞིབ་སོགས་ཀྱི་བྱ་སྤྱོད་སྤེལ་རྒྱུ་དང་། ཐུན་མོང་ཐོག་མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་བདེ་འཇགས་དུས་བབ་དང་ཆུའི་འགྱུར་ལྡོག་གནས་ཚུལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ། མེ་ཀུང་གཙང་པོའི་རྒྱལ་སྤྱིའི་ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། རྒྱལ་ཁབ་བཞི་པོའི་ཁྲིམས་འཛིན་རུ་མིས་ད་དུང་གྲུ་གཟིངས་སྐྱོན་ཆག་ཤོར་བ་དོ་དམ་བྱེད་པའི་རྣམ་གྲངས་ཐད་སྤེལ་རེས་ཀྱང་བྱས་པ་རེད།
         ལོ་དྲུག་རིང་རྒྱལ་ཁབ་བཞི་པོས་དངོས་སྒྲུབ་མཉམ་ལས་བྱས་ཏེ་གཙང་པོ་རྒྱུག་ཁུལ་གྱི་རྒྱལ་སྒྲོལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་ནས་རྒྱལ་སྤྱིའི་ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་འགན་སྲུང་ནུས་ལྡན་དང་གཙང་པོའི་ངོགས་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིན་བྱས་ཡོད། དེས་ན་མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་དེ་ཉིད་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ཀྱི་མིག་དཔེ་གསར་པར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།