འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་རྩིས་རིག་དགེ་རྒན་གྱི་སྤེལ་རེས་རྣམ་གྲངས་ཐུགས་གྲ་ལེགས་
    འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་དབྱིན་ཇིའི་སློབ་གསོ་ལས་རིགས་ཀྱི་འཐུས་མིས་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་སློབ་གསོ་ཁྲུའུ་རུ་རེས་སྐོར་བཞི་པའི་ཀྲུང་དབྱིན་རྩིས་རིག་དགེ་རྒན་གྱི་སྤེལ་རེས་རྣམ་གྲངས་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག དབྱིན་ཇིར་སྤེལ་རེས་བྱེད་སྒོའི་ནང་ཞུགས་མཁན་ཧྲང་ཧའེ་ཡི་རྩིས་རིག་དགེ་རྒན་36ལ་ཕེབས་སྐྱེལ་ཡང་ཞུས་པ་རེད།
         རེས་སྐོར་བཞི་པའི་ཀྲུང་དབྱིན་རྩིས་རིག་དགེ་རྒན་གྱི་སྤེལ་རེས་རྣམ་གྲངས་2017ལོའི་ཟླ་9པར་ཧྲང་ཧའེ་རུ་སྤེལ་འགོ་ཚུགས་པ་དང་། དབྱིན་ཇིས་དགེ་རྒན་70ཧྲང་ཧའེ་རུ་གཟའ་འཁོར་གཉིས་རིང་གི་སྤེལ་རེས་ནང་བཏང་ཡོད། ལོ་དེ་རང་གི་ཟླ་11པ་དང་2018ལོའི་ཟླ་1པོར་ཧྲང་ཧའེ་ཡིས་ཁག་སོ་སོར་སློབ་ཆུང་གི་རྩིས་རིག་དགེ་རྒན་34དང་36དབྱིན་ཇིར་སྤེལ་རེས་བྱེད་པར་བཏང་བ་རེད།
         ཧྲང་ཧའེ་ཡི་སློབ་ཆུང་དགེ་རྒན་ཁྲེན་ཝེ་ལིང་གིས་གསར་འགོད་པར་ད་རེས་བརྩིས་ན་ང་རང་དབྱིན་ཇིར་སྤེལ་རེས་བྱེད་པར་འགྲོ་ཐེངས་གཉིས་པ་དེ་ཡིན། གཟའ་འཁོར་གཉིས་ཀྱི་དུས་ཚོད་ནང་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་ཁོང་ཚོ་དང་མཉམ་དུ་ལོངས་སྤྱོད་བྱས་པ་མ་ཟད། དབྱིན་ཇིའི་ལས་རིགས་གཅིག་པའི་ས་ནས་ཀྱང་ཤེས་བྱ་མང་དག་ཅིག་ཤེས་བྱུང་། རྒྱལ་ནང་དུ་ཕྱིར་ལོག་བྱས་རྗེས་ཉམས་མྱོང་དག་ལས་རོགས་ལ་མཉམ་སྤྱོད་བྱ་རྒྱུ་ཡིན་ལ། དབྱིན་ཇིའི་དགེ་རྒན་མང་པོ་ཞིག་ཀྲུང་གོར་མཚམས་འདྲི་དང་སྤེལ་རེས་བྱེད་པར་ཡོང་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་བརྗོད།
         ཀྲུང་དབྱིན་རྩིས་རིག་དགེ་རྒན་གྱི་སྤེལ་རེས་རྣམ་གྲངས་དེ་ཀྲུང་དབྱིན་རྩིས་རིག་དགེ་རྒན་དབར་སྤེལ་རེས་དང་། ལག་ལེན་སློབ་ཁྲིད། སློབ་ཁྲིད་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱལ་ཁབ་གཉིས་པོའི་སློབ་གསོའི་ལམ་ལུགས་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་ཐེབས་རྒྱུ་རེད་ལ། རྒྱལ་ཁབ་གཉིས་པོའི་རྩིས་རིག་དགེ་རྒན་གྱི་རྒྱལ་སྤྱིའི་མཐོང་རྒྱ་དང་སློབ་ཁྲིད་ཉམས་མྱོང་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་ལས་སྟེགས་ཀྱང་བསྐྲུན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།